ཟླ་བཅུ་པའི་ཚེས་བཅུ་བདུན་ཉིན། ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་ཞིང་ཆེན་ཕྱི་ནས་གནས་སྐོར་ལ་ཡོང་བའི་མི་གཉིས་ཀྱི་ཉིང་སྐྱུར་བརྟག་བཤེར་མཇུག་འབྲས་བར་གདགས་གཤིས་ཡིན་པ་ཁྱབ་བསྒྲགས་བྱས་པ་དང་། གནས་སྐོར་བ་དེ་གཉིས་ཀན་སུའུ་ཀྲང་ཡེ་དང་ཅཱ་ཡུས་ཀོན། ནང་སོག་ཨ་ལ་ཧྲན་མིན། ཧྲན་ཞི་ཞི་ཨན་སོགས་གནས་སྐོར་གྲོང་ཁྱེར་ལ་སོང་མྱོང་། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་ནན་མོ་བྱེད་པ་དང་། རང་ཞིང་གི་རིམས་ནད་འགོག་སྡོམ་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རང་ཞིང་གིས་རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་དང་ནང་ཁུལ་ནས་ཁྱབ་པར་བཀག་འགོག་བྱེད་པའི་རྒྱུན་སྲོལ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་པོར་བསྒྲུབ་པ། ནད་པ་ཕྱི་ནས་ནང་དུ་མཆེད་པའི་ཉེན་ཁ་འགོག་པ་དང་ཇེ་ཆུང་དུ་གཏོང་བ་བཅས་ཀྱི་ཆེད་དུ། མཚོ་སྔོན་ཞིང་ཆེན་རིམས་འགོག་ལྟེ་གནས་ཀྱིས་བྲེལ་མྱུར་སྒོས་གཤམ་གྱི་གསལ་འདེབས་སྤེལ་བ་སྟེ།
གཅིག དུས་ཐོག་ཏུ་རང་འགུལ་གྱིས་ཡར་ཞུ་བྱེད་པ། ཟླ་བཅུ་པའི་ཚེས་གཉིས་ཉིན་ནས་བཟུང་ཀན་སུའུ་ཀྲང་ཡེ་གྲོང་ཁྱེར་དང་ཅ་ཡུས་ཀོན་གྲོང་ཁྱེར། ནང་སོག་ཨ་ལ་ཧྲན་མིན། ཧྲན་ཞི་ཞི་ཨན་གྲོང་ཁྱེར་བཅས་ལ་གནས་སྐོར་དུ་སོང་ནས་མཚོ་སྔོན་དུ་ཡོང་བའི་གནས་སྐོར་བ་དང་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣས། དུས་ཚོད་དང་པོའི་ནང་རང་ཡོད་སའི་གཞིས་ཁུལ་དང་སྡེ་བ། ལས་ཁུངས། མགྲོན་ཁང་བཅས་ལ་འབྲེལ་ཡོད་ཀྱི་གནས་ཚུལ་ཡར་ཞུ་བྱེད་དགོས་པ་དང་། གཞིས་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱེད་དགོས་ལ། རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་དགོས།
གཉིས། ཉེན་ཁ་འགོག་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་ཀྱི་འགུལ་རྣམ་དང་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་ཆ་འཕྲིན་སྒྲོག་སྤེལ་ལ་དོ་སྣང་བཟང་པོ་བྱས་ནས། ངེས་པར་དུ་འགྲོ་མི་དགོས་ན་རིམས་ནད་བྱུང་སར་མི་འགྲོ་བར་བྱེད་དགོས། དེ་དང་མཉམ་དུ། དཀྲོག་གཏམ་ལ་མི་ཉན་པ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྒྲོག་པ་བཅས་བྱས་ཏེ། རིམས་ནད་འགོག་སྡོམ་ཐད་ཀྱི་མི་སྒེར་གྱི་འགན་འཁྲི་དང་འོས་འགན་ལག་བསྟར་ནན་མོ་བྱེད་པ་དང་། རིམས་ནད་འགོག་སྡོམ་ཐད་ཀྱི་འབྲེལ་ཡོད་གཏན་ཁེལ་བརྩི་སྲུང་བྱེད་དགོས།
གསུམ། མི་སྒེར་གྱི་འགོག་སྲུང་བྱ་བ་བཟང་པོར་སྒྲུབ་དགོས། མི་ཚོགས་འདུ་ས་དང་མཁའ་དབུགས་མི་གཙང་བའི་ཡུལ་གནས་ལ་དགོས་གལ་མེད་ན་མི་འགྲོ་བར་བྱེད་དགོས། འདུ་ཚོགས་མི་བྱེད་པ་དང་། གཞི་ཁྱོན་ཆེ་བའི་འདུ་ཚོགས་བྱ་འགུལ་ལ་མི་ཞུགས་པ། ཁྱིམ་དུ་ལོགས་བཀར་བྱས་པའི་མི་སྣ་དང་འབྲེལ་འདྲིས་མི་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ་དང་ལག་པ་རྒྱུན་དུ་བཀྲུ་བ། ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱེད་པ། མི་གཞན་དང་བར་ཐག་རྒྱུན་འཁྱོངས་བྱེད་པ། དཔལ་ཡོན་སྒོས་ཟ་མ་བཟའ་བ། རྨིད་གཅིག་གི་བར་ཐག་རྒྱུན་འཁྱོངས་བྱེད་པ་བརྩི་སྲུང་བྱེད་པ། ཁང་བའི་ནང་ལ་རླུང་རྒྱུ་རུ་འཇུག་པ་དང་གཙང་དག་དུག་སེལ་བྱེད་པ། ཁ་ལུད་རང་དགར་དུ་མི་འཕེན་པ། གློ་ལུ་བྱེད་པ་དང་སྣ་སྦྲིད་བྱུང་དུས་ལག་པས་འགོག་འགེབས་བྱེད་པ་བཅས་བྱེད་དགོས།
བཞི། རང་ཉིད་ཀྱི་བདེ་ཐང་ལ་དོ་དམ་བྱེད་དགོས། ཚ་དྲོད་རྒྱས་པ་དང་གློ་ལུ་བ། ཤེད་མེད་པ། དྲི་ལ་སྣུམ་པ་དང་བྲོ་བ་མྱོང་བའི་ཚོར་བ་ཇེ་ཞན་དུ་སོང་བ། དབུགས་ལེན་མི་ཐུབ་པ་དང་སྣ་ཆུ་བཞུར་བ། མགྲིན་པ་ན་བ། མིག་འབྲས་སྐྱི་མོའི་གཉན་ཚད། ཤ་གནད་ན་བ། ཁོག་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ན་མྱུར་དུ་སྨན་ཁང་དུ་སོང་ནས་སྨན་བཅོས་བརྟག་དཔྱད་བྱེད་པ་དང་། སྨན་བཅོས་བྱེད་པར་འགྲོ་བའི་ལམ་ཧྲིལ་བོར་ཁ་ཐུམ་རྒྱག་པ། སྤྱི་སྤྱོད་རླངས་འཁོར་ལ་འདུག་མི་རུང་བ་དང་། སྨན་བཅོས་བརྟག་དཔྱད་བྱེད་སྐབས་འབྲེལ་ཡོད་ཀྱི་གནས་སྐོར་ལོ་རྒྱུས་དང་འབྲེལ་འདྲིས་ཀྱི་ལོ་རྒྱུས་སྦ་གསང་མེད་པར་ཡར་ཞུ་བྱེད་དགོས།
ལྔ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་དགོས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་པའི་ཆེས་བདེ་འཇགས་དང་ཆེས་ཕན་ཡོད་ཀྱི་བྱེད་ཐབས་ཡིན་པས། ལོ་བཅུ་གཉིས་ཡན་གྱི་འགོག་སྨན་རྒྱག་པའི་ཆ་རྐྱེན་དང་མཐུན་པའི་མང་ཚོགས་ཐག་ཉེ་སའི་འགོག་སྨན་རྒྱག་སར་སོང་ནས་འགོག་སྨན་རྒྱག་དགོས།
དྲུག མགྲོན་ཁང་ཆེ་ཆུང་ཡོངས་ལ་དོ་དམ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་མགྲོན་ཁང་ཆེ་ཆུང་སོགས་སྡོད་ས་འདོན་སྤྲོད་བྱེད་སས་ངེས་པར་དུ་མགྲོན་ཁང་ནང་བསྡད་པའི་མགྲོན་པོ་ཡོངས་ཀྱི་ལུས་དྲོད་འཇལ་བ་དང་། བདེ་ཐང་ཨང་རྟགས་དང་ཕྱིར་བགྲོད་ཨང་རྟགས་ལ་ཞིབ་བཤེར་བྱེད་པ། ཉེན་ཁ་ཆེ་འབྲིང་ས་ཁུལ་དང་རིམས་ནད་བྱུང་སའི་ས་ཆ་རུ་གནས་སྐོར་ལ་སོང་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣས་དུས་ཐོག་ཏུ་རང་ཡོད་སའི་གཞིས་ཁུལ་དང་སྡེ་བར་ཡར་ཞུ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་པར་གཞོགས་འདེགས་བྱེད་དགོས།
བདུན། ས་ཚིགས་གཉིས་དང་ཡུལ་གནས་གཅིག་ལ་དོ་དམ་ནན་མོ་བྱེད་དགོས། གནམ་གྲུ་དང་མེ་འཁོར་ས་ཚིགས། རླངས་འཁོར་ས་ཚིགས་སོགས་འགྲིམ་འགྲུལ་ལྟེ་གནས་ཀྱིས་བརྟག་དཔྱད་དོགས་སེལ་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ལུས་དྲོད་འཇལ་བ་དང་ཕྱིར་བགྲོད་ཨང་རྟགས་དང་བདེ་ཐང་ཨང་རྟགས་ལ་བརྟག་བཤེར་ནན་མོ་བྱེད་པ། རྣམ་པ་མི་འདྲ་བའི་གསལ་འདེབས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་གནས་སྐོར་ལ་སོང་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣ་ཡོད་ཚེ་རང་འགུལ་གྱིས་གནས་ཚུལ་ཡར་ཞུ་བྱེད་དགོས།
བརྒྱད། བཅའ་ཁྲིམས་འགན་འཁྲི། སྦ་གསང་དང་རྫུན་ཞུ་དང་ཡང་ན་གཏན་ཁེལ་ལྟར་རིམས་འགོག་བྱེད་ཐབས་ལག་བསྟར་མ་བྱས་པར་པྲོག་གསར་གློ་ཚད་རིམས་ནད་མཆེད་པའི་ཉེན་ཁ་བཟོས་པ་དང་ཡང་ན་མཇུག་འབྲས་ཚབས་ཆེན་བཟོས་ཚེ། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་རྒྱུ་ཡིན།
མཚོ་སྔོན་ཞིང་ཆེན་རིམས་འགོག་ལྟེ་གནས་ནས།
2021ལོའི་ཟླ10ཚེས18ཉིན།
རིན་ཆེན་མཚོས་བསྒྱུར།