མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་སྐོར་གྱི་གནས་ཚུལ་གསར་པ།
2021.11.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

2021ལོའི་ཟླ11པའི་ཚེས14ཉིན་གྱི་དུས་ཚོད24རིང་ལ། མཚོ་སྔོན་ཞིང་ཆེན་དུ་པྲོག་གསར་གློ་ཚད་ནད་དུག་འགོས་པར་ངོས་བཟུང་བའི་ནད་པ་གཅིག་ཀྱང་མ་བྱུང་ལ། དོགས་ཡོད་ནད་པ་དང་ནད་རྟགས་མེད་པའི་ནད་དུག་འགོས་མཁན་མེད།

ཟླ11པའི་ཚེས14ཉིན་གྱི་དུས་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་པར་ངོས་བཟུང་བའི་ནད་པ30བྱུང་། དེའི་ནང་དུ་ཟི་ལིང་གྲོང་ཁྱེར་དུ་ནད་པ26དང་། མཚོ་བྱང་ཁུལ་དུ་ནད་པ3 མཚོ་ཤར་གྲོང་ཁྱེར་དུ་ནད་པ1བཅས་བྱུང་། ནད་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ19ཡོད།

མིག་སྔར་པྲོག་གསར་གློ་ཚད་ནད་དུག་ལ་ངོས་བཟུང་བའི་ནད་པ་11ངེས་གཏན་སྨན་ཁང་དུ་ལོགས་སུ་བཀར་ཏེ་སྨན་བཅོས་མྱུར་སྐྱོབ་བྱེད་ཀྱིན་ཡོད། གྲལ་བཤེར་བྱས་ཟིན་པའི་ནད་པར་འབྲེལ་འདྲིས་ཟབ་མོ་བྱས་མཁན་ཚང་མ་གཅིག་བསྡུས་ཀྱིས་ལོགས་བཀར་བྱས་ཡོད་། བསྡོམས་པས་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་ཀྱི་ནད་རྟགས་མེད་པའི་ནད་དུག་འགོས་མཁན1ཡོད་པ་དེ་ཟི་ལིང་གྲོང་ཁྱེར་གྱི་ཡིན་ལ། དེར་གསོ་རིག་ལོགས་བཀར་བརྟག་དཔྱད་བྱེད་མཚམས་བཞག་ཡོད།

བརྩེ་བའི་དྲན་སྐུལ།

ཉེ་སྔོན་རྒྱལ་ནང་གི་ས་ཁུལ་ཁ་ཤས་སུ་ས་གནས་རང་གི་ནད་ངོས་བཟུང་བའི་ནད་པ་བྱུང་བས། རིམས་ནད་འགོག་སྡོམ་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་། མི་ཚང་མ་རང་ཉིད་བདེ་ཐང་གི་འགན་ཁུར་བ་དང་པོ་ཡིན་པས། བདེ་ཐང་འགོག་སྲུང་མུ་མཐུད་དུ་བཟང་པོར་སྒྲུབ་ནས། རྒྱལ་ནང་གི་རིམས་ནད་ཀྱི་འགུལ་རྣམ་དང་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་འགྱུར་ལྡོག་གནས་ཚུལ་ལ་དོ་སྣང་ཟབ་མོ་བྱས་ཏེ། རིམས་འགོག་བྱེད་ཐབས་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ་དང་། དུས་ནམ་ཡང་དོགས་ཟོན་བཟང་པོ་བྱེད་པ་དང་སྒེར་གྱི་འགོག་སྲུང་བཟང་པོར་སྒྲུབ་དགོས།བརྩེ་བའི་དྲན་སྐུལ།

གཅིག རང་འགུལ་གྱིས་དུས་ལྟར་ཡར་ཞུ་བྱས་ཏེ་རིམས་ནད་འགོག་སྡོམ་དོ་དམ་ལ་གཞོགས་འདེགས་བྱེད་དགོས།

ངེས་པར་དུ་འགྲོ་མི་དགོས་ན་ཞིང་ཆེན་གཞན་དུ་མི་འགྲོ་བ་དང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་མི་འགྲོ་བ། ས་གནས་རང་གི་ནད་པ་ཡོད་སར་མི་འགྲོ་བ་བཅས་བྱེད་དགོས། ཉེ་སྔོན་ས་གནས་རང་གི་ནད་པ་ཡོད་སར་ཡུལ་སྐོར་དུ་སོང་མྱོང་བ་དང་། ལྷག་པར་དུ་གསར་དུ་ནད་པ་བྱུང་བའི་ས་ཆར་སོང་ནས་མཚོ་སྔོན་དུ་ཡོང་བ་དང་ཕྱིར་ལོག་པའི་མི་སྣས་མཚོ་སྔོན་ལ་ཐོན་རྗེས་མྱུར་བ་མྱུར་དུ་རང་འགུལ་གྱིས་རང་གི་ལས་ཁུངས་དང་སྡེ་ཁུལ། ཡང་ན་ཞག་སྡོད་བྱེད་སའི་མགྲོན་ཁང་བཅས་ལ་གནས་ཚུལ་བཤད་དེ། ཆ་འཕྲིན་ཐོ་འགོད་དང་། ཉིང་སྐྱུར་བཤེར་འཇལ། ལོགས་བཀར་ལྟ་ཞིབ་སོགས་ཀྱི་འགོག་སྡོམ་བྱེད་ཐབས་ལ་གཞོགས་འདེགས་གང་ལེགས་བྱེད་དགོས།

གཉིས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རང་འགུལ་གྱིས་རྒྱག་དགོས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་པའི་ཐབས་ཤེས་ཆེས་བཟང་པོ་ཡིན་ལ། དེ་མི་ཚོགས་ཀྱི་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། རིམས་ནད་མཆེད་ཚད་ཇེ་དལ་དུ་བཏང་ནས་མཇུག་མཐར་རྩ་བ་ནས་འགོག་པ། མི་སྒེར་དང་ཁྱིམ་མིའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་བཅས་ལ་ཕན་པས། སྡེ་ཁུལ་དང་ཡང་ན་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར། རིམས་འགོག་བརྒྱུད་རིམ་ལྟར་དུ་དུས་ལྟར་རིམ་པ་བཞིན་དུ་འགོག་སྨན་རྒྱག་དགོས་ལ། མི་ཚོགས་གཙོ་བོས་དུས་ལྟར་རིམས་འགོག་ཁ་སྣོན་འགོག་སྨན་རྒྱག་དགོས།

གསུམ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་རྒྱུན་འཁྱོངས་བྱེད་དགོས།

སྟོན་དགུན་གྱི་དུས་ཚིགས་ནི་དབུགས་ལམ་གྱི་འགོས་ནད་ཆེས་ཆེར་འཕར་བའི་དུས་ཚིགས་ཡིན་པས། མི་སྣ་འདུ་འཛོམ་བྱེད་ས་དང་མཁའ་དབུགས་འཁོར་རྒྱུག་མི་བྱེད་ས་ནས་ཁ་ཐུམ་རྒྱག་དགོས། ཁྲོམ་ར་དང་ཟ་ཁང་། མགྲོན་ཁང་། གློག་བརྙན་ཁང་། ལུས་རྩལ་ར་བ་སོགས་སྤྱི་པའི་གནས་སུ། ཁ་ཐུམ་རྒྱག་པ་དང་། ཨང་རིས་བཤེར་བ། ལུས་དྲོད་འཇལ་བ། སྨི་གཅིག་གི་བར་ཐག་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས། སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་དང་གློག་སྐས་ལ་འདུག་སྐབས། སྨན་ཁང་དུ་ནད་བརྟག་བྱེད་སྐབས་བཅས་སུ། ཚ་རྒྱས་པ་དང་ཡང་ན་དབུགས་ལམ་གྱི་འགོས་ནད་ཅན་གྱི་ནད་པ་ཡོད་ལ། སྨན་བཅོས་འཕྲོད་བསྟེན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ལས་རིགས་ཀྱི་ཉེན་ཁ་ཆེ་བའི་མི་སྣ་ཡོད་པས། ཁ་ཐུམ་རྒྱག་རྒྱུ་གལ་ཆེ།

བཞི། མི་སྒེར་གྱི་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།

ལག་པ་རྒྱུན་པར་བཀྲུ་བ་དང་ཁ་ཐུམ་རྒྱག་པ། རླུང་རྒྱུ་བར་བྱེད་པ། འདུ་འཛོམ་མི་བྱེད་པ། སྤྱི་ཐུར་བཀོལ་བ། བར་ཐག་བཞག་ནས་ཟ་མ་བཟའ་བ་སོགས་སྒེར་གྱི་གཙང་སྦྲའི་གོམས་སྲོལ་བཟང་པོ་རྒྱུན་འཁྱོངས་བྱེད་དགོས། གལ་ཏེ་ཚ་རྒྱས་པ་དང་། གློ་ལུ་བྱེད་པ། ཤུགས་ཟད་པ། སྣ་འཚུབ་པ། སྣ་ཆུ་བཞུར་བ། མིད་པ་ན་བ། སྣ་དང་ལྕེའི་ཚོར་བ་ཉམས་པ། མིག་སྐྱིའི་གཉན་ཚད། ཤ་གནད་ན་བ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ་ཚད་ལྡན་རྒྱུད་རིམ་ལྟར་ནད་བརྟག་བྱེད་པར་འགྲོ་དགོས་པར་མ་ཟད། ཉིན་བཅུ་བཞིའི་བྱ་འགུལ་དང་འབྲེལ་འདྲིས་ཀྱི་གནས་ཚུལ་རང་འགུལ་གྱིས་བཤད་དགོས། སྨན་ཁང་དུ་འགྲོ་བའི་ལམ་བར་དུ་ཁ་ཐུམ་རྒྱག་དགོས་པ་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ལ་འདུག་མི་རུང་།