རང་ཞིང་གི་སྡེ་བ་དང་གྲོང་རྡལ་དྲུག་རྒྱལ་ཡོངས་ཀྱི་སྡེ་བ་གཅིག་ལ་ཐོན་རྫས་གཅིག་གི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་ཁྲོད་ཚུད།
2021.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཉེ་སྔོན། ཞིང་ལས་ཞིང་སྡེ་པུའུ་ཡིས་སྐོར་བཅུ་གཅིག་པའི་རྒྱལ་ཡོངས་ཀྱི་སྡེ་བ་གཅིག་ལ་ཐོན་རྫས་གཅིག་གི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གྱི་མིང་ཐོ་བསྒྲགས་པ་དང་། རང་ཞིང་གི་ཧོང་ཀྲུང་ཆུའུ་སྟོད་པ་གྲོང་རྡལ་ཡུལ་ལྷ་སྡེ་བ་དང་རུ་གསར་གྲོང་རྡལ་ཡང་ཕའོ་སྡེ་བ་སོགས་སྡེ་བ་དང་གྲོང་རྡལ་དྲུག་མིང་ཐོའི་ཁྲོད་བདམས་ནས། མཚོ་སྔོན་ཞིང་ཆེན་གྱི་མིང་ཐོའི་ཁྲོད་ཚུད་པའི་སྡེ་བ་དང་གྲོང་རྡལ་གྱི་སྤྱིའི་གྲངས་ཀ་གྱ་གཅིག་ལ་སླེབས།

རྒྱལ་ཡོངས་ཀྱི་སྡེ་བ་གཅིག་ལ་ཐོན་རྫས་གཅིག་གི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་ནི་ཞིང་ལས་ཞིང་སྡེ་པུའུ་ཡིས་ངོས་འཛིན་བྱས་པ་དང་། ཐོན་ལས་གཙོ་བོའི་དགེ་མཚན་དང་ཁྱད་ཆོས་མངོན་གསལ་ཡིན་ཞིང་། སྤུས་ཚད་དང་ཕན་འབྲས་མངོན་གསལ་ཡིན་ལ། ཞིང་འབྲེལ་ཞིང་ཁྲིད་དམ་ཟབ་བྱེད་པ། ཐོན་ལས་སྡེ་བ་དང་ཐོན་ལས་གྲོང་རྡལ་གྱི་མཉམ་བསྲེས་འཕེལ་རྒྱས་མངོན་འགྱུར་བྱས་པ་དང་། སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྲིད་འཛིན་སྡེ་བ་དང་སྲིད་འཛིན་གྲོང་རྡལ་ལ་ཟེར། ཐོན་རྫས་གཙོ་བོ་ནི་ཁྱད་ལྡན་འདེབས་གསོ་དང་ཁྱད་ལྡན་གསོ་སྤེལ། ཁྱད་ལྡན་ཟས་རིགས། ཁྱད་ལྡན་རིག་གནས་དང་ལས་རྣམ་གསར་པ་བཅས་ཀྱི་བྱེ་བྲག་གི་རིགས་སྣ་གཅིག་ཡིན། རྒྱལ་ཡོངས་ཀྱི་སྡེ་བ་གཅིག་ལ་ཐོན་རྫས་གཅིག་གི་དཔེ་སྟོན་སྡེ་བ་དང་གྲོང་རྡལ་ནི་ཞིང་སྡེའི་དཔལ་འབྱོར་སྤྱིའི་དངོས་ཤུགས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བའི་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་ཡིན་ལ། ཁུལ་ཁོངས་ཀྱི་ཁྱད་ལྡན་ཚོང་རྟགས་འཛུགས་སྐྲུན་བྱེད་པ་དང་ཞིང་བས་ལས་ཞུགས་ལ་བརྟེན་ནས་ཡོང་སྒོ་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་བ། མཁར་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

ད་ལོར་རང་ཞིང་གི་མིང་ཐོའི་ཁྲོད་ཚུད་པའི་སྡེ་བ་དང་གྲོང་རྡལ་སོ་སོ་ནི། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཀི་ཡུལ་ཚོ་ཏ་ཀྲུང་སྡེ་བ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་ཁྱུང་སེང་སྡེ་བ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་སྟོད་པ་གྲོང་རྡལ་ཡུལ་ལྷ་སྡེ་བ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་རུ་གསར་གྲོང་རྡལ་ཡང་ཕའོ་སྡེ་བ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དགེ་ཡུལ་ཚོ་དར་དམར་སྡེ་བ། ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་འབྲི་ཆུ་ཡུལ་ཚོ་ཐང་ཁ་སྡེ་བ་བཅས་དཔེ་སྟོན་སྡེ་བ་ཡིན།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྡེ་བ་གཞི་རྩའི་སྡེ་ཁག་ཏུ་བྱས་ནས། རང་ས་གནས་ཀྱི་ཐོན་ཁུངས་དགེ་མཚན་དང་སྲོལ་རྒྱུན་དགེ་མཚན། ཁུལ་གནས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་། གཞི་ཁྱོན་ཅན་དང་ཚད་གཞི་ཅན། ཚོང་རྟགས་ཅན་དང་ཚོང་ར་ཅན་འཛུགས་སྐྲུན་ཤུགས་ཆེར་སྤེལ་བ་བརྒྱུད་དེ། ཁྱད་ཆོས་ལྡན་པའི་ཆེད་ལས་ཞིང་སྡེ་སྐོར་ཞིག་སྐྱེད་སྲིང་བྱས་པ་དང་། ཐོན་ལས་གཙོ་བོའི་ཐད་ནས་འབྲུ་རིགས་དང་སྣུམ། སིལ་ཏོག སྔོ་ཚལ། སྒོ་ཕྱུགས་དང་གནས་སྐོར་དང་འབྲེལ་བའི་ཞིང་ལས་སོགས་ཁྱབ་ཁོངས་དང་འབྲེལ་ལ། ས་ཁུལ་ཁ་ཤས་སུ་ཡུལ་ཚོ་གཅིག་ལ་ཐོན་ལས་གཅིག་གི་འཕེལ་རྒྱས་ཀྱི་རྣམ་པ་ཆགས་པར་བྱས་ཏེ། རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱིའི་དངོས་ཤུགས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མཐོར་འདེགས་བཏང་།

རིན་ཆེན་མཚོས་བསྒྱུར།