རང་ཞིང་གིས་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཡང་བསྐྱར་ཇེ་མཐོར་བཏང་།
2021.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་གོ་གཅིག་པའི་སྟེང་ཞིབ་འཇུག་བརྒྱུད་དེ། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས2021ལོའི་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་མཐོར་འདེགས་གཏོང་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། 2021ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་རང་ཞིང་གི་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏོང་རྒྱུའི་ཐག་བཅད། དེའི་ཁྲོད། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ཟླ་རེར་སྒོར་སོ་གཉིས་ཇེ་མཐོར་བཏང་སྟེ། ཟླ་རེར་སྒོར་དྲུག་བརྒྱ་དང་དོན་གཉིས་ལ་སླེབས་ལ། འཕར་སྣོན་ཚད་བརྒྱ་ཆའི་ལྔ་ཡིན། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ལོ་རེར་སྒོར་སུམ་བརྒྱ་དང་གྱ་བཞི་ཇེ་མཐོར་བཏང་ནས། ལོ་རེར་སྒོར་སྟོང་ལྔ་དང་བརྒྱ་དང་གྱ་བཞི་ལ་སླེབས་པ་དང་། འཕར་སྣོན་ཚད་བརྒྱ་ཆའི་བརྒྱད་ཡིན་ལ། རང་ཞིང་གི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞིའི་བར་ཐག་སྔར་ལས་ཇེ་ཐུང་དུ་སོང་། དེ་དང་མཉམ་དུ། ཧ་ཅང་དཀའ་ཁག་ཆེ་བའི་མི་སྣའི་གཞི་རྩའི་འཚོ་བའི་འགན་སྲུང་གི་ཚད་གཞི་ས་ཆ་སོ་སོའི་ལོ་དེའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་བསྟུན་ནས་ལྡབ་གཅིག་དང་གྲངས་ཆུང་ལྔ་ཡིས་ལེགས་སྒྲིག་མཐོར་འདེགས་བཏང་བ་དང་། 2021ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་སྔོན་དུ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་མཐོར་འདེགས་གཏོང་བའི་མ་དངུལ་ཁ་གསབ་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུ་རེད།

ལོ་མང་པོའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོར་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། རང་ཞིང་གི་སྤྱི་ཚོགས་རོགས་སྐྱོར་ལས་དོན་ཡུན་རིང་འཕེལ་རྒྱས་སུ་སོང་ལ། བྱེད་ཐབས་སྣ་ཚོགས་འཕྲོ་རིམ་འཕྲོར་ཕྱིར་བཏོན་པ་དང་། ལམ་ལུགས་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་བཏང་ལ། མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་ཇེ་ཆེར་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པ་དང་། སྤྱི་ཚོགས་རོགས་སྐྱོར་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་སོང་ལ། དམངས་ཚིས་འགན་སྲུང་གི་བདེ་འཇགས་འགོག་མཚམས་སྔར་ལས་ཇེ་བརྟན་དུ་བཏང་། བསྡོམས་རྩིས་བྱས་པ་བརྒྱུད་དེ། རང་ཞིང་གིས་བསྟུད་མར་ཐེངས་བཅུ་གསུམ་ལ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་ནས། མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གི་ཆུ་ཚད་ཐེངས་བཅུ་གསུམ་ལ་ཇེ་མཐོར་གཏོང་བ་མངོན་འགྱུར་བྱས། དེའི་ཁྲོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ2008ལོའི་ཟླ་རེར་སྒོར་ཉིས་བརྒྱ་ནས2021ལོའི་ཟླ་རེར་སྒོར་དྲུག་བརྒྱ་དང་དོན་གཉིས་ལ་ཇེ་མཐོར་བཏང་ནས། བརྒྱ་ཆའི་ཉིས་བརྒྱ་དང་སོ་དྲུག་འཕར་སྣོན་བྱུང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ལོ་རེར་སྒོར་སྟོང་གཅིག་དང་གྱ་བཞི་ནས་ལོ་རེར་སྟོང་ལྔ་བརྒྱ་དང་གྱ་བཞི་རུ་ཇེ་མཐོར་སོང་ལ། བརྒྱ་ཆའི་སུམ་བརྒྱ་དོན་བརྒྱད་འཕར་སྣོན་བྱུང་། མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་བརྒྱད་ནས་དུང་ཕྱུར་བཅོ་ལྔ་རུ་ཇེ་མང་དུ་སོང་། མིག་སྔའི་བར་དུ། རང་ཞིང་གི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་བྱེད་པའི་མིའི་གྲངས་ཀ་འབུམ་གསུམ་དང་ཁྲི་གསུམ་སྟོང་ལྔ་ལ་སླེབས་པ་དང་། ཚད་གཞི་ཇེ་མཐོར་བཏང་རྗེས། མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གི་ཁེབས་རྒྱ་འོས་འཚམ་སྒོས་ཇེ་ཆེར་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།