ཟླ་དགུ་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་དགུའི་ཉིན་བར། སྐབས་ཉི་ཤུ་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་ཀོང་ཞི་ནན་ཉིང་གྲོང་ཁྱེར་ནས་བདེ་བླག་ངང་སྤེལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་གདན་དྲངས་པ་ལྟར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་འགྲེམ་སྟོན་ལ་ཞུགས་པར་མ་ཟད་མགོ་རྩོམ་པའི་བྱ་འགུལ་ལ་ཞུགས།
ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུ་ནི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུའི་སྲིད་གཞུང་བར་གྱི་དཔལ་འབྱོར་ཉོ་ཚོང་གཙོ་གཉེར་སྡེ་ཁག་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་འགྲེམ་སྟོན་ཚོགས་འདུ་གལ་ཆེན་ཞིག་རེད། སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་ནས་ཞི་བདེ་མཉམ་གནས་ཀྱིས་ཁྱིམ་གཞིས་བསྐྲུན། ལས་དབང་གཅིག་མཐུན་གྱིས་མ་འོངས་ཕྱོགས་སུ་བསྐྱོད་པ་སྟེ་རྒྱུད་གཅིག་ལམ་གཅིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕར་སྣོན་ལྟེ་གནས་གསར་སྐྲུན་བྱེད་ཅེས་པ་བརྗོད་སྙིང་དུ་བཟུང་ཡོད་ལ། ལམ་ལུགས་ཅན་གྱི་སྒོ་འབྱེད་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་དམིགས་ནས་དཔལ་འབྱོར་ཉོ་ཚོང་དང་ཁོར་སྲུང་སོགས་ཁྱབ་ཁོངས་ཀྱི་གླེང་སྟེགས་བཅུ་དགུ་དང་དཔལ་འབྱོར་ཉོ་ཚོང་སྐུལ་འདེད་བྱ་འགུལ་ཐེངས་བདུན་ཅུ་ལྷག་སྤེལ་ཡོད་ལ། བསྡོམས་པས་རྒྱལ་ཁབ་ཞེ་དྲུག་གི་ཁེ་ལས་སྟོང་གཅིག་དང་དགུ་བརྒྱ་ང་གསུམ་གྱིས་སྔར་ལས་ཚགས་དམ་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་སྒུལ་ནུས་གསར་བ་ཁ་སྣོན་བྱས་ཡོད།
སྐབས་འདིའི་འགྲེམ་སྟོན་ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱིས་སྨིད་གྲུ་བཞི་མ་བརྒྱ་དང་ལྔ་བཅུ་ཡོད་པའི་བརྗོད་སྙིང་སྣང་བརྙན་འགྲེམ་སྟོན་ཁང་ཇུས་འགོད་བྱས་ཡོད་པ་དང་། བརྙན་རིས་དང་དངོས་རྫས། པར་རིས་སོགས་ཀྱི་རྣམ་པ་བརྒྱུད་དེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་དྲིལ་སྒྲོག་འགྲེམ་སྟོན་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་བཅུ་དགུ་ཡིས་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ནུས་ཁུངས་གསར་བའི་རྒྱུ་ཆ་གསར་བ། མི་རིགས་རིག་གནས། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཐོན་རྫས་རིགས་སྣ་གྱ་ལྔ་ལྷག་ཁྱེར་ནས་འགྲེམ་སྟོན་ལ་ཞུགས་ཡོད། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམ་སྟོན་ཚོགས་འདུའི་སྟེགས་བུ་བརྒྱུད་དེ། མཚོ་སྔོན་ཚོང་རྟགས་ཀྱི་ཐོན་རྫས་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་ར་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།