མཚོ་སྔོན་ཞིང་ཆེན་གྱིས་དུས་ཆེན་གཉིས་སྐབས་ཀྱི་ཆེད་དོན་བདེ་འཇགས་འགོག་ཟོན་ཞིབ་བཤེར་སྤེལ་ནས་གནད་དོན་ཉེན་ཁ་བརྒྱ་དང་ཉི་ཤུ་ལྷག་རྙེད།
2024.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལུགས་གསར་ལོ་སར་གྱི་ཚུན་དུ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་བྱ་བའི་ཚན་ཆུང་བཙུགས་ནས། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཐོན་སྐྱེད་བདག་གཉེར་ཁེ་ལས་སྐོར་ཞིག་དང་འཛུགས་སྐྲུན་བྱེད་བཞིན་པའི་ཉེན་ཁ་ཡོད་པའི་རྫས་འགྱུར་ཐོན་རྫས་ལས་གཞི། ཤོག་སྦག་སིལ་འཚོང་ཚོང་ཁང་དང་མཛོད་ཁང་སྐོར་ཞིག་ལ་བདེ་འཇགས་འགོག་ཟོན་ཆེད་དོན་ལྟ་སྐུལ་ཞིབ་བཤེར་སྤེལ་བ་དང་། དུས་ཆེན་གཉིས་སྐབས་ཀྱི་ཉེན་ཁ་ཡོད་པའི་རྫས་འགྱུར་ཐོན་རྫས་དང་ཤོག་སྦག་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་ཟོན་བྱ་བ་བཟང་བོར་བསྒྲུབས།

ཐེངས་འདིའི་ཞིབ་བཤེར་གྱིས་དཔྱད་གཞིའི་ཡིག་ཆ་ཀློག་པ་དང་ཡུལ་དངོས་ཞིབ་བཤེར་བྱེད་པ། ཆེད་མཁས་པས་མཛུབ་ཁྲིད་ཞབས་ཞུ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཉེན་ཁ་ཡོད་པའི་ཐོན་རྫས་ཀྱི་ཁེ་ལས་དང་ཤོག་སྦག་ཚོང་གཉེར་སིལ་འཚོང་དང་མཛོད་ཁང་དུ་སོང་ནས། རིགས་མི་འདྲ་བའི་བདེ་འཇགས་ཉེན་ཁའི་ཐད་ནས་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པར་མ་ཟད། དོན་དག་ཡོད་ན་མྱུར་དུ་ཐག་གཅོད་པའི་རྩ་དོན་ལྟར། གྲལ་བཤེར་བྱས་ནས་རྙེད་པའི་གནད་དོན་ཉེན་ཁ་བརྒྱ་དང་ཉི་ཤུ་ལྷག་ཁོངས་གཏོགས་ས་ཆར་སྤྲད་དེ། མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་།

རྙེད་པའི་གནད་དོན་ལ་ཁ་གཏད་དེ། བྱ་བའི་ཚན་ཆུང་གིས་ས་ཆ་སོ་སོའི་དུས་ཆེན་སྐབས་ཀྱི་བདེ་འཇགས་འགོག་ཟོན་བྱ་བའི་ཐད་ནས། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཁེ་ལས་ཀྱིས་དུས་ཆེན་སྔོན་གྱི་ཆེད་དོན་བདེ་འཇགས་སློབ་གསོ་གསོ་སྦྱོང་དང་ཕྱོགས་ཡོངས་ཀྱི་བདེ་འཇགས་ཉེན་ཁ་གྲལ་བཤེར་ཐེངས་གཅིག་སྤེལ་བ་དང་། འགན་ལེན་འགན་སྲུང་དང་ཁས་ལེན་སྤྱི་སྒྲོག འགོ་ཁྲིད་ཀྱིས་འགོ་ཁྲིད་པ་དང་ལས་རེས་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཉེན་ཁ་རྙེད་ཚེ་དུས་ཐོག་ཏུ་ཐག་གཅོད་དགོས་པ་དང་། ཐོན་སྐྱེད་འཁོར་རྒྱུག་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱེད་པ། བརྒལ་བ་གསུམ་དང་འཕྲོག་པ་གཅིག་ལ་བཀག་འགོག་ནན་མོ་བྱེད་པ། རྩ་དོན་སྟེང་དམིགས་བསལ་བྱ་བ་བཀོད་སྒྲིག་མི་བྱེད་པ། ལས་ཀ་ལས་དགོས་པར་སྔོན་དུ་ཁོངས་གཏོགས་ས་ཆར་ཡར་ཞུ་བྱེད་པ། རིམ་འདེགས་དོ་དམ་ལག་བསྟར་བྱེད་པ། ཡུལ་དངོས་ཀྱི་ཉེན་ཁ་དབྱེ་འབྱེད་དང་ཚོད་འགོག་ལ་ཤུགས་སྣོན་པ། ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཁེ་ལས་ཀྱི་དམིགས་བསལ་ལས་ཀའི་བདེ་འཇགས་ཚད་གཞིའི་རེ་བ་ལག་བསྟར་ནན་མོ་བྱས་ནས། བདེ་འཇགས་སྒོས་ལས་ཀ་ལས་པར་ཁག་ཐེག་བྱེད་དགོས་པ་སོགས་ཀྱི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།