མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་གཉིས་རྒྱལ་ཡོངས་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་གྱི་དཔེ་སྟོན་རྟེན་གཞི་རུ་ངོས་འཛིན་བྱས།
2024.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། ཞིང་ལས་ཞིང་སྡེ་པུའུ་ཡིས2023ལོའི་རྒྱལ་ཡོངས་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་གྱི་དཔེ་སྟོན་རྟེན་གཞིའི་ངོས་འཛིན་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་ཞིང་གི་སྡེ་ཁག་གཉིས་མིང་ཐོའི་ཁྲོད་ཚུད། དེའི་ཁྲོད། མཚོ་སྔོན་ཧྲིན་ཅིན་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི་དེ་ཐོན་སྐྱེད་རིགས་ཀྱི་དཔེ་སྟོན་སྡེ་ཁག་ཏུ་ངོས་འཛིན་བྱས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དེང་རབས་ཅན་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་དོ་དམ་རིགས་ཀྱི་དཔེ་སྟོན་སྡེ་ཁག་ཏུ་ངོས་འཛིན་བྱས།

ཐེངས་འདིར་ངོས་འཛིན་བྱས་པའི་ཞིང་ལས་ཞིང་སྡེ་ཆ་འཕྲིན་ཅན་གྱི་དཔེ་སྟོན་རྟེན་གཞིས། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ནས་ཞིང་ཕྱུགས་ལས་ཐོན་སྐྱེད་རིག་ནུས་ཅན་དང་ཚོང་གཉེར་དྲ་མིག་ཅན། དོ་དམ་གཞི་གྲངས་ཅན། ཞབས་ཞུ་ཡུལ་དངོས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་བ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་མངོན་གསལ་བླངས་པ་དང་། ཁེ་ལས་གཙོ་བོ་དང་རྟེན་གཞི། མཉམ་ལས་དང་ཁྱིམ་ཚང་ཞིང་ར། ཞིང་ཁྱིམ་བཅས་མཉམ་འབྲེལ་བྱས་པའི་ཐོན་ལས་ཅན་གྱི་འཕེལ་རྒྱས་མ་དཔེ་བསྐྲུན་པར་མ་ཟད། ཡང་བསྐྱར་བཀོལ་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་གྲུབ་པར་བྱས།

གོ་རིམ་རྗེས་མར། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཆ་འཕྲིན་ཅན་གྱི་དཔེ་སྟོན་རྟེན་གཞིའི་ཞབས་ཞུ་མཛུབ་སྟོན་དང་ལྟ་སྐུལ་དོ་དམ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། དཔེ་སྟོན་རྟེན་གཞིའི་གཞི་གྲངས་རྒྱུ་རྐྱེན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། རིག་སྟོབས་ཞིང་ཕྱུགས་ལས་དང་གཞི་གྲངས་གྲོང་གསེབ་གསར་གཏོད་བེད་སྤྱོད་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཐོན་སྐྱེད་རིགས་དང་ཚོང་གཉེར་རིགས། དོ་དམ་རིགས། ཞབས་ཞུའི་རིགས་ཀྱི་རིགས་མི་འདྲ་བའི་གཙོ་གཞིའི་ཡང་བསྐྱར་བཀོལ་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་འཚོལ་ཞིབ་བྱེད་པ། ཆ་འཕྲིན་ཅན་ལ་བརྟེན་ནས་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་པ་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། 

རིན་ཆེན་མཚོས་བསྒྱུར།