ན་ནིང་མཚོ་སྔོན་ཞིང་ཆེན་གྱིས་དམངས་སྲིད་ལས་དོན་ཐད་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བདུན་བྱེ་བ་བཞི་བཏང་།
2024.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོར་རང་ཞིང་གིས་བསྡོམས་པས་དམངས་སྲིད་ལས་དོན་ཐད་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བདུན་བྱེ་བ་བཞི་བཏང་སྟེ། དམངས་སྲིད་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས།

ན་ནིང་གི་ཚུན་དུ། རང་ཞིང་གི་དམངས་སྲིད་སྡེ་ཁག་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་མཐིལ་རྟོགས་བྱས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བཏང་ལ། ཡོང་སྒོ་དམའ་བའི་མི་གྲངས་ཀྱི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོབ་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་ནས། 2023ལོར་ཡོང་སྒོ་སྒོར་ཁྲི་གཅིག་ལས་དམའ་བའི་ཆ་རྐྱེན་དང་མཐུན་པའི་ལྟ་ཞིབ་བྱེད་ཡུལ་ཁྲི་གཅིག་དང་སྟོང་དྲུག་རོགས་སྐྱོབ་འགན་སྲུང་ཁྱབ་ཁོངས་ཁྲོད་བཞག རིམ་དབྱེ་རིགས་བགར་གྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་མྱུར་དུ་འཐུས་ཚང་དུ་བཏང་བ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་ལྟ་སྐུལ་དོ་དམ་ཕན་ནུས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ལ། སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་སྣ་ཚོགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། ཞིང་ཆེན་ཡོངས་སུ་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་བརྒྱད་བྱིན་ནས། ཞིང་ཆེན་ཡོངས་ཀྱི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་འབུམ་གསུམ་དང་ཁྲི་བཞི་སྟོང་དགུ་བརྒྱད་བརྒྱ་དང་། ཧ་ཅང་དཀའ་ཁག་ཆེ་བའི་གསོ་སྐྱོང་བྱེད་ཡུལ་ཁྲི་གཅིག་དང་སྟོང་བདུན་བཞི་བརྒྱ། དཀའ་ཁག་ལ་ཐུག་པའི་བྱིས་པ་སྟོང་བཞི་དང་ལྔ་བརྒྱ་དང་གནས་སྐབས་སུ་དཀའ་ཁག་ལ་ཐུག་པའི་མང་ཚོགས་འབུམ་གཅིག་དང་སྟོང་གསུམ་བཅས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས།

དེ་དང་མཉམ་དུ། ཏང་གི་འགོ་ཁྲིད་གཞི་རིམ་བཅོས་སྐྱོང་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ལ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྡེ་བ་རིམ་པའི་རྩ་འཛུགས་བྱ་བའི་ལས་དོན་དང་རྐྱེན་སྲོལ་བྱང་བུ། བདེན་དཔང་དོན་བྱ་ཚད་ལྡན་དུ་བསྒྱུར་བའི་བྱེད་ཐབས་གཙོ་བོ་གཏན་འབེབས་བྱས་པར་མ་ཟད་ཕྱིར་བཏོན་པ་དང་། སྡེ་བ་རིམ་པའི་རྩ་འཛུགས་བྱ་བའི་ལས་དོན་གྱི་གསལ་ཁྲ་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱས་ཏེ། སྡེ་བ་རིམ་པའི་བྱ་བའི་དོན་བྱ་བརྒྱ་ཆའི་རེ་བདུན་ཡན་ཇེ་ཉུང་དུ་བཏང་། སྤྱི་ཚོགས་རྩ་འཛུགས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་པའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་ལ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཁེ་ལས་དང་འབྲེལ་བའི་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་གཉིས་མེད་པར་བྱས་པ་དང་། དེ་ཁེ་ལས་སྟོང་ལྔ་དང་བདུན་བརྒྱ་བཅུ་གསུམ་དང་འབྲེལ་བ་ཡོད་ལ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལྔ་བརྒྱ་དང་བཅོ་བརྒྱད་ཀྱི་ལས་ཞུགས་བྱེད་པར་རོགས་རམ་བྱས་པ་དང་། ནུས་མེད་ཀྱི་སྤྱི་ཚོགས་རྩ་འཛུགས་བཞི་བརྒྱ་ཁྲིམས་ལྟར་གཙང་སེལ་བྱས་ལ། ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་བཅུ་དྲུག་ལ་ཆམ་ཕབ་བཅོས་སྐྱོང་བྱས།

རིན་ཆེན་མཚོས་བསྒྱུར།