མཚོ་སྔོན་གྱི་སྡེ་ཁག་བརྒྱད་ཀྱིས་མཉམ་འགུལ་སྒོས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་ནན་མོ་བཏང་།
2024.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

2023ལོའི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་ནས2024ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་བར། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡིས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཟི་ལིང་སྒོ་ཁྲལ་ལས་ཁུངས།  ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྦྲག་སྲིད་དོ་དམ་ཅུའུ་བཅས་སྡེ་ཁག་བརྒྱད་ཀྱིས་མཉམ་འབྲེལ་བྱས་ནས། དུས་ཡུན་ཉིན་ལྔ་བཅུ་རིང་གི་དྲ་ཕུབ་བྱ་སྤྱོད་ཅེས་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་མཉམ་འགུལ་བྱ་སྤྱོད་སྤེལ།

མཉམ་འབྲེལ་བྱ་སྤྱོད་སྤེལ་བའི་བརྒྱུད་རིམ་ཁྲོད། ཞིང་ཆེན་རིམ་པའི་དྲ་ཕུབ་བྱ་སྤྱོད་ཀྱི་ཁོངས་གཏོགས་ལས་ཁུངས་བརྒྱད་ཀྱིས་མི་བྱེད་པ་བཞི་དང་དྲང་པོ་གཉིས་ཀྱི་བྱེད་ཐབས་སྤྱད་དེ། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་བྱ་སྤྱོད་སྤེལ་བའི་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་བྱས་པ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་པོས་སྣོལ་སྡེབ་ཞིབ་བཤེར་དང་ཕན་ཚུན་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་དང་ཟུར་མང་པོ་ནས་གྱོད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་དང་དབྱེ་དགར་བྱེད་པ་དང་། དུས་ཐོག་ཏུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྩད་ཞིབ་ཐག་གཅོད་བྱས། དྲ་ཐོག་གི་དྲ་རྒྱའི་སྟེགས་བུ་དང་ཡུལ་དངོས་ཚོང་ཁང་ལ་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོ། ཟུར་མང་པོ་ནས་ལྟ་སྐུལ་དོ་དམ་བྱེད་པ་དང་། ཞིང་ཚོང་ཁྲོམ་ར་དང་ཟ་ཁང་། སྨན་ཁང་།ཁྱད་ཐོན་དངོས་རྫས་ཚོང་ཁང་དང་དྲ་རྒྱའི་ཚོང་ཁང་། འབྲི་ཆུ་རྨ་ཆུའི་འགོ་ཁུངས་དང་ཆུ་ལག་སོགས་ལ་སྐོར་ཞིབ་བཤེར་དང་དྲ་འཐེན་རྣམ་པའི་འཕྲལ་སྒྲུབ་གྲལ་བཤེར་བྱས་ཏེ། ཁྲིམས་འགལ་རྔོན་འཛིན་དང་། མི་བཟོས་རྒྱུད་སྤེལ།ཕྱིར་འཚོང་།ཉོ་སྒྲུབ།བཟའ་སྤྱོད། སྐྱེལ་འདྲེན། འཁྱེར་བ། བསྐུར་བ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེའི་བཟོས་རྫས་ལྐོག་འདྲེན་བྱེད་པའི་བྱ་འགུལ་ལ་རྡུང་རྡེག་དྲག་པོ་བཏང་།

མཉམ་འགུལ་བྱ་སྤྱོད་སྤེལ་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་རི་སྐྱེས་སྲོག་ཆགས་སྐོར་གྱི་གྱོད་དོན་ཉེར་གཅིག་ཞིབ་གཅོད་བྱས་ལ། དེའི་ཁྲོད་སྲིད་འཛིན་གྱོད་དོན་བཅུ་དྲུག་དང་ཉེས་དོན་གྱོད་གཞི་ལྔ་ཡོད་པ་དང་། ཁྲིམས་འགལ་ཉེས་གསོག་མི་སྣ་གསུམ་ལ་རྡུང་རྡེག་དང་ཐག་གཅོད་བྱས་ནས། བསྡོམས་པས་སྒོར་ལྔ་ཁྲི་ལྔ་སྟོང་གི་དངུལ་ཆད་བཅད།


ལྷ་མོ་འཚོས་བསྒྱུར།