མཚོ་སྔོན་གྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་དལ་བའི་ནད་དང་དམིགས་བསལ་ནད་དང་ནད་རིགས་གཉིས་བཅས་ཀྱི་སྨན་སྤྱོད་པའི་ཁྱབ་ཁོངས་རྒྱ་བསྐྱེད།
2024.04.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ4པའི་ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱིས་སྨན་སྤྱོད་པའི་དགོས་མཁོར་འགན་སྲུང་སྔར་ལས་ལེགས་པོ་བྱ་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་དལ་བའི་ནད་དང་དམིགས་བསལ་ནད་རིགས་ཀྱི་སྨན་སྤྱོད་པའི་དཀར་ཆག་དང་། མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོང་གསེབ་སྡོད་མིའི་གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་སྤྱོད་པའི་དཀར་ཆག་འགྲེམས་སྤེལ་བྱས་ཤིང་། ཟླ4པའི་ཚེས1ཉིན་ནས་བཟུང་། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱིས་དཀར་ཆག་ལྟར་སྒོ་བསྟེན་སྨན་བཅོས་ཀྱི་དལ་བའི་ནད་དང་དམིགས་བསལ་ནད་རིགས། གྲོང་གསེབ་སྡོད་མིའི་གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ཤེད་མཐོ་བའི་ནད་བཅས་ཀྱི་སྨན་བཅོས་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་ཐུབ།

ཐེངས་འདིས་དཀར་ཆག་དག་སྒྲིག་བྱས་པ་དེས་སྨན་སྤྱོད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། སྨན་རིགས་བཅུ་དགུ་དང་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་ཉིས་བརྒྱ་དོན་དྲུག གཏན་འབེབས་དང་མཐུན་པའི་ཀྲུང་ལུགས་སྨན་སྦྱོར་རིལ་བུ་དེ་སྒོ་བསྟེན་སྨན་བཅོས་ཀྱི་དལ་བའི་ནད་དང་དམིགས་བསལ་ནད་རིགས་ཀྱི་སྨན་སྤྱོད་པའི་ཁྱབ་ཁོངས་སུ་བཞག་པ་དང་། གཅིན་པ་མངར་འགྱུར་ནད་ཀྱི་སྨན་རིགས་གོ་གསུམ་དང་ཁྲག་ཤེད་མཐོ་བའི་ནད་ཀྱི་སྨན་རིགས་ཉིས་བརྒྱ་ཉེར་བཞི། གཏན་འབེབས་དང་མཐུན་པའི་ཀྲུང་ལུགས་སྨན་གྱི་ཐང་སྨན་དང་ཀྲུང་ལུགས་སྨན་སྦྱོར་རིལ་བུ་བཅས་ནད་རིགས་གཉིས་ཀྱི་སྨན་སྤྱོད་པའི་དཀར་ཆག་ནང་བཞག་ནས།  སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནད་པའི་སྨན་སྤྱོད་པའི་དགོས་མཁོ་སྔར་ལས་བཟང་བོར་བསྐངས། སྨན་སྤྱོད་པའི་དཀར་ཆག་གཅིག་གྱུར་བྱས་ཏེ། གྲོང་གསེབ་སྡོད་མིའི་ནད་རིགས་གཉིས་ཀྱི་སྨན་སྤྱོད་པའི་དཀར་ཆག་དང་སྒོ་བསྟེན་སྨན་བཅོས་ཀྱི་དལ་བའི་ནད་དང་དམིགས་བསལ་ནད་རིགས་ཁྲོད་ཀྱི་གཅིན་པ་མངར་འགྱུར་གྱི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཀྱི་སྨན་སྤྱོད་པའི་དཀར་ཆག་ཚད་ལྡན་གཅིག་གྱུར་བྱས་པ་དང་། ཁྱོན་བསྡོམས་གཅིན་པ་མངར་འགྱུར་ནད་ཀྱི་སྨན་རིགས་བརྒྱ་དང་ཞེ་གཉིས་དང་ཁྲག་ཤེད་མཐོ་བའི་ནད་ཀྱི་སྨན་རིགས་ཉིས་བརྒྱ་གྱ་དྲུག་ཡོད་ལ། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནད་པའི་སྨན་སྤྱོད་པའི་ཁུར་བོ་རྒྱུན་མཐུད་སྒོས་ཇེ་ཡང་དུ་བཏང་ཡོད། ཐོབ་ཐང་ལོངས་སུ་སྤྱོད་པར་འགན་སྲུང་བྱས་ཏེ། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནད་པས་ངེས་གཏན་སྨན་བཅོས་ལས་ཁུངས་ཚང་མ་རུ་སྒོ་བསྟེན་སྨན་བཅོས་ཀྱི་དལ་བའི་ནད་དང་དམིགས་བསལ་ནད་རིགས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་པ་དང་། ངེས་གཏན་སྨན་བཅོས་ལས་ཁུངས་དང་ངེས་གཏན་གྱི་སྨན་བཙོང་ས་ནས་ནད་རིགས་གཉིས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་ཆོག དེ་དང་མཉམ་དུ། སྒོ་བསྟེན་སྨན་བཅོས་ཀྱི་སྨན་སྤྱོད་པའི་སྨན་ཡིག་བཀོལ་ཚད་ཉིན་དགུ་བཅུའི་བར་དུ་ཇེ་རིང་དུ་བཏང་ནས་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནད་པར་སྟབས་བདེ་བསྐྲུན་ཡོད།

ལྷ་མོ་འཚོས་བསྒྱུར།