ཅི་ཧྲི་ཧྲན་ས་ཡོམ་གྱི་མཚོ་སྔོན་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཁུལ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། ཟླ5པའི་ཚེས29ཉིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་འབྲེལ་ཡོད་ཁྲུའུ་དང་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣས་བྱ་བའི་ཚན་ཆུང་གཉིས་བཙུགས་ནས། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བཅས་ཀྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཡུལ་དངོས་ལྟ་སྐུལ་དང་མཛུབ་སྟོན་བྱས།
ལྟ་སྐུལ་མཛུབ་སྟོན་བྱེད་སྐབས། བྱ་བའི་ཚན་ཆུང་སོ་སོར་མིན་ཧི་རྫོང་ཀྲུང་ཁྲོན་ཡུལ་ཚོའི་ས་ཡོམ་གནོད་འཚེ་ཉེན་གཡོལ་གནས་སྤོར་བདེ་འགོད་ས་ཚིགས་དང་ཞོན་ཧྭ་རྫོང་མེན་ཀྲུའུ་སྡེ་བའི་གནས་སྐབས་ཀྱི་སྡོད་ས། དཔའ་ལུང་རྫོང་ཀ་མདོ་གྲོང་རྡལ་གནས་སྐབས་སྡོད་ཁུལ་སོགས་བཟོ་སྐྲུན་ཡུལ་དངོས་སུ་སོང་ནས། ཡུལ་དངོས་ནས་ས་རྡུལ་ཚོད་འཛིན་དང་སྙིགས་ཆུ་ཐག་གཅོད། སྲ་གཟུགས་གད་སྙིགས་བསྡུ་རུབ་ཐག་གཅོད་སོགས་བཙོག་བཟོ་འགོག་བཅོས་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། འཛུགས་སྐྲུན་སྡེ་ཁག་གི་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་དཔྱད་འཇོག་གི་འགྲོ་ལུགས་བསྒྲུབ་པའི་གནས་ཚུལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་པའི་ཐད་ཀྱི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཡུལ་དངོས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་རེ་རེ་བཞིན་ཐག་གཅོད་ཀྱི་ཐབས་ལམ་དང་བྱེད་ཐབས་བཏོན།
ལྟ་སྐུལ་མཛུབ་སྟོན་ཐད་ནས་རྙེད་པའི་ས་རྡུལ་དོ་དམ་ཚོད་འཛིན་བྱེད་ཚད་མི་འདང་བ་དང་། གད་སྙིགས་ཐག་གཅོད་ཚད་ལྡན་མིན་པ། འཚོ་བའི་བཙོག་ཆུ་བསྡུ་རུབ་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ཁ་གཏད་དེ། བྱ་བའི་ཚན་ཆུང་གིས་དུས་ཐོག་ཏུ་ཐག་གཅོད་ཐབས་ཇུས་དང་བསམ་ཚུལ་བཏོན་པ་དང་། ལས་གཞི་འཛུགས་སྐྲུན་སྡེ་ཁག་དང་མཚོ་ཤར་གྲོང་ཁྱེར་དང་འབྲེལ་ཡོད་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་ལག་རྩལ་ཚད་ལྡན་དུ་བསྒྱུར་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ལས་གཞི་འཛུགས་སྐྲུན་ཡུལ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞི་སྒྲིག་འཛུགས་སྐྲུ། རིགས་མི་འདྲ་བའི་སྲ་གཟུགས་གད་སྙིགས་སྣ་ཚོགས་ཐག་གཅོད་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ། ཁོར་ཡུག་བཙོག་བཟོ་དང་སྐྱེ་ཁམས་གཏོར་བརླག་བྱེད་པར་བཀག་འགོག་ནན་མོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་རྒྱུའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།