

(མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་ཁང་གིས་སྤེལ་བའི་འཕྲིན། གསར་འགོད་པ། ཕག་མོ་རྡོ་རྗེ།)ཟླ8པའི་ཚེས9ཉིན་གྱི་སྔ་དྲོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི“ཛམ་དཀར”རྟགས་ཅན་གྱི་སྦྲང་ཆར་རྩོམ་རིག་བྱ་དགའ་སྐབས་བཅུ་གཅིག་པ་སྤེལ་བའི་མཛད་སྒོ་ཐུན་རིན་གྲོང་ཁྱེར་དུ་འཚོགས། ཚོགས་འདུའི་སྟེང་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧྲེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ་བསམ་གྲུབ་དང་། མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་གསར་འགྱུར་དཔེ་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་ལིའང་ཁྲུན་ཅང་། མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་རིག་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལུའོ་ཁྲིན་ཧྲན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མགོན་པོ་ཚེ་རིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དོན་གྲུབ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རིག་རྩལ་པུའུ་ཡི་ཀྲུའུ་རེན་ལི་ཞའོ་ཡན། ཀན་སུའུ་ཛམ་དཀར་ཨར་ལས་ཀུང་སིའི་འགན་འཛིན་པ་ནོར་བུ། རྩོམ་པ་པོ་དང་དཔྱད་བརྗོད་པ་སོགས་མི་སྣ་དྲུག་ཅུ་ལྷག་ཞུགས་པ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མགོན་པོ་ཚེ་རིང་གིས་ཚོགས་འདུར་མགོ་འཛིན་བྱས།

ཐེངས་འདིའི་རྩོམ་རིག་བྱ་དགའ་ནི2021ལོ་ནས2023ལོའི་བར་གྱི《སྦྲང་ཆར》དུས་དེབ་བཅུ་གཉིས་སྟེང་སྤེལ་བའི་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། རྩོམ་རིག་དཔྱད་བརྗོད་བཅས་ལས་བདམས་ཐོན་བྱུང་བ་ཡིན་ལ། དཔྱད་འདེམ་སྐབས་སུ་ཐོག་མར་ཀློག་པ་པོས་དྲ་ཐོག་བརྒྱུད་ནས་འདེམ་ཤོག་འཕངས་པ་དང་། རྩོམ་སྒྲིག་པས་འོས་སྦྱོར་བྱས་པ། རྩོམ་རིག་ལས་གནས་སུ་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པས་གྲུབ་པའི་དཔྱད་འདེམ་ཚན་ཆུང་གིས་དཔྱད་འདེམ་དང་བགྲོ་གླེང་། གྲོས་སྡུར་སོགས་བྱས་པ་བརྒྱུད་ནས། རྩོམ་པ་པོ་ལ་མི་རྟོན་བརྩམས་ཆོས་ལ་རྟོན་པའི་རྩ་དོན་གཞིར་བཟུང་ནས་འདྲ་མཉམ་དང་དྲང་བདེན། མངོན་གསལ་དང་ཡང་དག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བྱ་དགའ་ཐོབ་པའི་བརྩམས་ཆོས་དྲུག་བདམས་ཐོན་བྱུང་།སྐབས་བཅུ་གཅིག་པའི“ཛམ་དཀར”རྟགས་ཅན་གྱི“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་པའི་བརྩམས་ཆོས་ནི་ཚེ་ལོ་ཐར་གྱི་སྒྲུང་གཏམ《ཟླ་འོད་འོག་གི་ལོང་བ》དང་། མཚོ་སྐྱེས་ཀྱི་སྙན་ངག《གོ་ཁ》 སོག་རུ་ཀརྨ་ཀུན་ཁྱབ་ཀྱི་ལྷུག་རྩོམ《ས་ཡི་རྟེན་ཕུར་ནམ་ར》གསུམ་ཡིན་ལ། སྐབས་བཅུ་གཅིག་པའི“ཛམ་དཀར”རྟགས་ཅན་གྱི“སྦྲང་ཆར་དཔྱད་བརྗོད་བྱ་དགའ”ཐོབ་པའི་བརྩམས་ཆོས་ནི་བདུད་ལྷ་རྒྱལ་གྱི་དཔྱད་བརྗོད《ལོ་རྒྱུས་ཀྱི་བསྡུས་གཟུགས》ཡིན་པ་དང་། སྐབས་བཅུ་གཅིག་པའི“ཛམ་དཀར”རྟགས་ཅན་གྱི“སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་པའི་བརྩམས་ཆོས་ནི་སྒར་བ་ཚེ་བཀྲའི་སྒྲུང་གཏམ《ལས་འཕྲོའི་མདུད་པ》དང་གཡུ་སྒྲོན་འཚོའི་སྒྲུང་གཏམ《གསེར་གྱི་རྣ་ལོང་ཡ་གཅིག》གཉིས་ཡིན།

“སྦྲང་ཆར་རྩོམ་རིག་བྱ་དགའ”ནི་སྤྱི་ལོ1994ལོར་སྤེལ་མགོ་ཚུགས་པ་དང་། ལོ་གསུམ་རེའི་ནང་ཐེངས་རེ་སྤེལ་གྱིན་ཡོད་ལ། ད་ལྟའི་བར་ཐེངས་བཅུ་གཅིག་ལ་སྤེལ་ཏེ། སྔ་ཕྱིར་རྩོམ་ལུས་མི་འདྲ་བ70ལ་བྱ་དགའ་ཐོབ། སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་སྡེ་རུ་སྒྱུ་རྩལ་དང་བསམ་བློ་གང་གི་ཆ་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་ཆེས་མཐོ་བའི་ཆུ་ཚད་མཚོན་ཡོད།
ཐེངས་འདིའི་ཚོགས་ཐོག་ཏུ་དཔྱད་འདེམ་ཚོགས་པའི་ཀྲུའུ་རེན་རིན་ཆེན་བཀྲ་ཤིས་ལགས་ཀྱིས་དཔྱད་འདེམ་གྱི་གོ་རིམ་ཡོད་ཚད་ཚོགས་ཞུགས་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུས། ཁོང་གིས་ཐེངས་འདིའི་སྦྲང་ཆར་རྩོམ་རིག་བྱ་དགའི་འོས་སྦྱོར་གྲས་སུ་ཚུད་པའི་བརྩམས་ཆོས་ཀྱི་བརྗོད་བྱ་ཡང་སྔོན་མ་དག་ལས་སྣ་མང་ཅན་དང་། ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་ཅིང་། རྩོམ་པ་པོ་རྣམས་ཀྱི་མཐོང་རྒྱའང་སྔར་ལས་ཆེ་རུ་ཕྱིན་ལ། མཚོན་ཐབས་ཀྱང་སྔར་ལས་སྣ་ཚོགས་སུ་གྱུར་ཡོད་པ་མཐོང་བས། སྐབས་འདིའི་དཔྱད་འདེམ་ཚོགས་པར་ཡིད་སྨོན་དང་ང་རྒྱལ་ཡང་སྐྱེས་སུ་བཅུག་བྱུང་། དཔྱད་འདེམ་སྐབས་སུའང་སྦྲང་ཆར་རྩོམ་རིག་བྱ་དགའི་དཔྱད་འདེམ་རྩ་དོན་གཞིར་བཟུང་ནས་དྲང་བོ་དྲང་བཞག་གི་སྒོ་ནས་བདམས་ཏེ། 2021ལོ་ནས2023ལོའི་བར་གྱི《སྦྲང་ཆར》དུས་དེབ་བཅུ་གཉིས་སྟེང་སྤེལ་པའི་བརྩམས་ཆོས་ལས་ཆེས་ཕུལ་དུ་བྱུང་བ་དག་བདམས་ཡོད། དེ་དག་གི་བརྗོད་དོན་དང་བསམ་བློ། མཚོན་ཐབས་སོགས་གང་གི་ཐད་ནས་ཀྱང་ཆུ་ཚད་ཅུང་མཐོ་བས། བོད་ཀྱི་རྩོམ་རིག་གསར་རྩོམ་ཡང་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་པར་ངོས་འཛིན་བྱེད་ཆོག་ཅེས་བསྒྲགས།
བདུད་ལྷ་རྒྱལ་གྱིས་བྱ་དགའ་ཐོབ་པའི་རྩོམ་པ་པོ་དག་གི་ཚབ་བྱས་ཏེ་བྱ་དགའ་གནང་མཁན་གྱི་འབྲེལ་ཡོད་ལས་ཁུངས་ལ་བཀའ་དྲིན་ཆེ་ཞུས་པ་དང་ཆབས་ཅིག རྗེས་མའི་ཆ་ལ་ཡང་མུ་མཐུད་དུ་གསར་རྩོམ་ཐད་འབད་པ་རྒྱུན་འཁྱོངས་བྱས་ནས། ཐེངས་འདིའི་བྱ་དགའ་གནང་མཁན་གྱི་ལས་ཁུངས་དང་སྦྱིན་བདག་ངོ་གནོང་མི་དགོས་པ་དང་། ཀློག་པ་པོ་རྣམས་ཀྱི་ཡིད་ཚིམ་པའི་བརྩམས་ཆོས་མང་བོ་འབྲི་བར་འབད་པ་བྱས་ཏེ། བོད་ཀྱི་རྩོམ་རིག་གི་སྡེ་ལ་རང་གི་རིག་པའི་རྩལ་དང་བློ་གྲོས་ཀྱི་ནུས་པ་དབུལ་རྒྱུའི་ཆོད་སེམས་བསྟན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་རྨ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཀྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཐེངས་འདིའི་བྱ་དགའི་འགྲོ་སོང་ཐད་མ་དངུལ་གྱི་མཐུན་རྐྱེན་སྦྱོར་མཁན་ནི་ཀན་སུའུ་ཛམ་དཀར་ཨར་ལས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ཡིན་ལ། “སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་མཁན་དང“སྦྲང་ཆར་རྩོམ་རིག་དཔྱད་བརྗོད་བྱ་དགའ”ཐོབ་མཁན་མི་རེར་དམངས་སྒོར8000རེ་དང་། “སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་མཁན་མི་རེར་དམངས་སྒོར4000རེའི་བྱ་དགའ་གནང་ལ། དུས་མཚུངས་སུ་བྱ་དགའ་ཐོབ་པའི་བརྩམས་ཆོས་ཀྱི་རྩོམ་སྒྲིག་འགན་ཁུར་པ་པད་མ་དབང་ཆེན་དང་། ཁོན་ཐར་རྒྱལ། སྙིང་རྒྱལ་འབུམ་བཅས་ལ་ཡང་བྱ་དགའི་དངུལ་དང་གཟིགས་བཟོས་ཀྱི་དཔང་ཡིག་གནང་།
རྩོམ་རིག་བྱ་དགའ་གནང་རྗེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ངམ་སྤྱི་ཁྱབ་རྩོམ་སྒྲིག་པ་བསམ་གྲུབ་ལགས་ཀྱིས་སྤྱི་བསྡོམས་གསུང་བཤད་གནང་བ་དང་། ཐེངས་འདིའི་རྩོམ་རིག་བྱ་དགའི་སྦྱིན་བདག་ཀན་སུའུ་ཛམ་དཀར་ཨར་ལས་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་འགན་འཛིན་པ་ནོར་བུ་ལགས་ལ་དྲན་རྟེན་གྱི་རྟགས་མ་གནང་།