དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་རྟེན་འབྲེལ་ཞུ་བའི་སྟེང་རྒྱལ་ཡོངས་ཀྱི་ལས་ཁུངས585དང་མི1790ལ་གཟེངས་བསྟོད་ཐོབ།
2024.09.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

 དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པ་དང་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བྱ་འགུལ་ཚེས་བརྒྱད་ཉིན་པེ་ཅིང་དུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་ལས་ཁུངས585དང་མི1790ལ་གཟེངས་བསྟོད་ཐོབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་དགེ་རྒན་དུས་ཆེན་ཐེངས40པ་སླེབས་ལ་ཉེ་བའི་སྐབས་འདིར། སློབ་གསོ་མཁས་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་གཏོང་བ་དང་། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་།  སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་པར་སྐུལ་ལྕག་བྱེད་ཆེད།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ་ཡིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་དངུལ་རྩ་སློབ་གླིང་སོགས་ལས་ཁུངས585ལ“རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་གནང་རྒྱུ་དང་། ཏེའོ་རུང་ཁྲུན་སོགས་བློ་མཐུན716ལ“རྒྱལ་ཡོངས་ཀྱི་དཔེ་ལེགས་དགེ་རྒན”གྱི་མཚན་སྙན་གནང་རྒྱུ།  ཡུས་ཡོན་སོགས་བློ་མཐུན895ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་གནང་རྒྱུ།  ཝང་ཡན་ཕེན་སོགས་བློ་མཐུན80ལ“རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་བྱ་བ་སྒྲུབ་མཁན”གྱི་མཚན་སྙན་གནང་རྒྱུ།  ཝང་ཅུན་སོགས་བློ་མཐུན99ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་བྱ་བ་སྒྲུབ་མཁན”གྱི་མཚན་སྙན་གནང་རྒྱུ་བཅས་ཐག་བཅད།

དགེ་རྒན་དུས་ཆེན་བཙུགས་པ་ནས་བཟུང་།  རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་།  རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་ཡིད་ལ་དམ་པོར་བཟུང་སྟེ།  ཁྲིད་སྟེགས་སྟེང་གཞི་ཚུགས་ནས་དཔེ་ཁྲིད་མི་སྐྱོང་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དང་མཉམ་དུ་ལངས་ཏེ་ལྷག་བསམ་རྣམ་དག་དང་།  བློས་གཏོང་། བྱམས་བརྩེ་ལྡན་པ་བཅས་ཀྱི་སྒོ་ནས་སློབ་གསོའི་ལས་དོན་ཁྲོད་ཞུགས་ཤིང་།  དགེ་རྒན་དཔུང་སྡེའི་ཁྲོད་ཕུལ་བྱུང་དགེ་རྒན་འབོར་ཆེན་ཞིག་བྱུང་བ་དེས་བྱ་སྤྱོད་དངོས་ཀྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་ལ་འདེགས་སྐྱོར་བྱས་པ་དང་། སློབ་གསོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་རྨང་གཞི་དང་བླ་ན་མེད་པའི་གཤིས་རྒྱུད་གཏོད་ཡོད་ལ། ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པ་དང་རྒྱབ་རྟེན་བྱེད་ཆོག་པའི་རྒྱལ་ཁབ་ཆེན་པོའི་དགེ་རྒན་བཟང་པོ་ཞིག་ཀྱང་ཡིན།

ཚོགས་ཞུགས་བློ་མཐུན་གྱིས་བསྟན་དོན། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་སློབ་གསོ་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་། མདུན་དུ་ལྷགས་པའི་རྙོག་འཛིང་ཆེ་བའི་ཕྱི་ནང་གི་ཁོར་ཡུག ཕྲག་ཏུ་བབས་པའི་ལས་འགན་གསར་པ་བཅས་ལ་བསམ་གཞིགས་དང་ངོས་འཛིན་གང་ལེགས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་རང་འགུལ་ཏན་ཏིག་གིས་ཆེ་རུ་གཏོང་བ་དང་། རྩེར་སོན་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་།  རྩེར་སོན་གྱི་གྲུབ་འབྲས་བསྐྲུན་པ།  རྩེར་སོན་གྱི་བྱས་རྗེས་འཇོག་པ་བཅས་བྱས་ནས།  བྱས་རྗེས་འཇོག་ཐུབ་པ་དང་བྱས་རྗེས་ཆེན་པོ་འཇོག་ཐུབ་པར་བྱེད་པ་དང་།  སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི“དགེ་རྒན་གྱི་དཔུང་སྡེ་སྟོབས་ལྡན”གྱི་རྒྱུགས་གཞི་ནུས་ཤུགས་ཡོད་རྒུས་ལེགས་པོར་འབྲི་དགོས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།