ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་གསེབ་དར་སྤེལ་གྱི་རྟོག་ཞིབ་ལྟ་སྐུལ་བྱ་བ་སྤེལ།
2024.09.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཟླ9པའི་ཚེས3ནས་ཚེས4ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་ཚན་ཆུང་བཙུགས་ཤིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་པཱ་པོ་གྲོང་རྡལ་དམར་ལུང་སྡེ་བར་སོང་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བར་རྟོག་ཞིབ་ལྟ་སྐུལ་བྱས།

ལྟ་སྐུལ་ཚན་ཆུང་གིས་ཡུལ་དངོས་ལྟ་ཞིབ་དང་ངོ་སྤྲོད་ལ་ཉན་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། དམར་ལུང་སྡེ་བའི་འཕུར་སྐྱོད་དུས་ཆེན་ལ་གྲ་སྒྲིག་དང་། གཉེན་སྒྲིག་ཐོ་འགོད་བྱེད་སའི་འཁོར་རྒྱུག མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། མདོ་ལ་རྫོང་གི་གྲོང་གསེབ་དར་སྤེལ་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། རྫོང་དང་གྲོང་རྡལ། སྡེ་བ་བཅས་རིམ་པ་གསུམ་གྱི་ལས་བྱེད་པ་དང་མང་ཚོགས་ཁ་ཤས་དང་མཉམ་དུ་འབྲེལ་ཡོད་གནད་དོན་སྐོར་ནས་བཞུགས་མོལ་བརྗེ་རེས་བྱས།

ལྟ་སྐུལ་ཚན་ཆུང་གིས་བསྟན་དོན། གྲོང་གསེབ་དར་སྤེལ་གྱི་ལེའུ་ཡག་པོར་འབྲི་དགོས་ན། ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ཤིང་། གསར་དར་གྲོང་གསེབ་ཅན་དང་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་སྤེལ་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་གྱི་བསམ་བློར་བརྟེན་ནས། གཞུང་ལུགས་ཀྱི་གཏན་ཚིགས་ལ་གོ་བ་ཟབ་མོ་ལེན་པ་དང་། སྐུལ་འདེད་ཐབས་ལམ་ཡང་དག་སྒོས་དམ་འཛིན་བྱས་ནས། འགག་རྩའི་གནད་འཁེལ་ཤུགས་འདོན་གཅིག་སྡུད་བྱེད་དགོས།

ལྟ་སྐུལ་ཚན་ཆུང་གིས་ནན་གྱིས་བསྟན་དོན། གྲོང་གསེབ་དར་སྤེལ་ནི་མ་ལག་ལྡན་པའི་ལས་གཞི་ཞིག་ཡིན་པས། དངོས་ཡོད་ལ་རྐང་བཙུགས་ཏེ། ཁྱད་ཆོས་སོར་འཇོག་བྱེད་པ་དང་། སྡོད་དམངས་ཀྱི་རེ་འདོད་ལ་བརྩི་མཐོང་བྱེད་ཅིང་། འགག་རྩའི་ལས་རིམ་དམ་འཛིན་བྱེད་པ་དང་། གཅིག་ནས་མཉམ་འདྲེས་ཐད་ཀྱི་ལེའུ་ཡག་པོ་འབྲི་དགོས་སྟེ། ཐོན་ལས་གཉིས་པའི་ཚན་ལྡན་ཅན་གྱི་ཐོན་སྐྱེད་འདུ་ཤེས་དང་ཐོན་ལས་གསུམ་པའི་མི་དམངས་རྩ་བར་འཛིན་པའི་ཞབས་ཞུའི་འདུ་ཤེས་དེ་ཐོན་ལས་དང་པོའི་འཕེལ་རྒྱས་ཁྲོད་འདྲེན་པ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གཅིག་སྡུད་ནུས་སྣང་གྲུབ་པ་དང་། ཕྱི་ནང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་ཐོན་ལས་དང་འཕེལ་རྒྱས་ཀྱི་ངེས་གནས་གཏན་འཁེལ་བྱེད་པ་དང་། གྲོང་གསེབ་དང་སྡེ་བའི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ནས་ཁྱད་ལྡན་གྱི་ས་ཁོངས་ཟོང་རྟགས་བསྐྲུན་པ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མཚོན་པར་བྱས་ཏེ། སྡེ་བའི་དམིགས་བསལ་གྱི་ཁྱད་ཆོས་དང་གསོན་ཤུགས་མི་འདྲ་བ་མངོན་ཅི་ཐུབ་བྱེད་དགོས།གསུམ་ནས་བཅོས་སྒྱུར་ཐད་ལ་ཤུགས་འདོན་པ་སྟེ། སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་གཅིག་སྡུད་བྱེད་ཅིང་། སྲུང་སྐྱོབ་བྱེད་ཐབས་ལ་བསམ་གཞིགས་ནན་མོ་གཏོང་བ་དང་། བྱ་བའི་ཐབས་ལམ་གསར་སྒྱུར་བྱེད་པ་དང་ཐོན་ལས་རྣམ་པ་འཆར་འགོད་བྱས་ཏེ། གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བར་གསོན་ཤུགས་གསར་བ་སྣོན་དགོས།

ལྷ་མོ་འཚོས་བསྒྱུར།