ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་བྱ་བར་ཤུགས་སྣོན་པའི་མཛུབ་སྟོན་བསམ་འཆར་བཏོན་ནས། རང་ཞིང་མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་བྱ་བའི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ཞིང་། མི་ཚང་མ་སྤྱི་ཚོགས་བཅོས་སྐྱོང་ལ་ཟབ་ཞུགས་བྱེད་པའི་ཐབས་ལམ་གཙོ་བོ་རྒྱ་བསྐྱེད་པ་རེད།
མཛུབ་སྟོན་བསམ་འཆར་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་བྱ་བས་ཏང་འཛུགས་ཁྲིད་སྟོན་དང་རིམ་དབྱེ་འགན་ཁུར། སྤྱི་དམངས་ལ་ཕན་འདོགས་པ་དང་། བཀག་སྡོམ་དོ་དམ། གྲུབ་འབྲས་སྲ་བརྟན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མ་ལག་ཆ་ཚང་ཞིང་། ཚད་རིག་དང་མཐུན་པ། འཁོར་རྒྱུག་ནུས་པ་ཆེ་བ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་བྱ་བའི་རྣམ་པ་བསྐྲུན་པ་དང་། མི་དམངས་མང་ཚོགས་སྤྱི་ཚོགས་བཅོས་སྐྱོང་ལ་ཟབ་ཞུགས་བྱེད་པའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སྤེལ་བྱས་ཏེ། ཏང་ཨུ་སྲིད་གཞུང་དང་མི་དམངས་མང་ཚོགས་ཀྱི་འབྲེལ་འདྲིས་མཉམ་འགུལ་སྟེགས་བུ་བསྐྲུན་པ་དང་། མི་དམངས་མང་ཚོགས་ཀྱིས་ཐབས་ལམ་དང་རྣམ་པ་མང་པོ་བརྒྱུད་ནས་བློ་འདོན་ཇུས་འབུལ་བྱེད་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་དགོས།
མཛུབ་སྟོན་བསམ་འཆར་ལས་མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་བྱ་བའི་ལས་ཁུངས་འཛུགས་པ་དང་། མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་ཐབས་ལམ་རྒྱ་བསྐྱེད་པ། མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ། མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་ཐག་གཅོད་དང་ཚུལ་སྒྱུར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་ཕྱིར་ལྡོག་བྱེད་པ། མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་ལ་ཟབ་ཞུགས་བྱེད་པའི་རྐྱེན་སྲོལ་འཛུགས་པ། མི་དམངས་ཀྱི་གྲོས་གཞི་འཚོལ་སྡུད་བྱ་བའི་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་པ་བཅས་བསྡོམས་པས་ལས་འགན་གཙོ་བོ་བདུན་གཏན་འཁེལ་གསལ་བོ་བྱས་ཡོད།
ལྷ་མོ་འཚོས་བསྒྱུར།