ཟླ9པའི་ཚེས13ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཟི་ལིང་དུ་མཉམ་འབྲེལ་སྒོས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང“ཏང་འཛུགས་སྐྲུན་དང་སྐྱེ་ཁམས་ལྗང་སྒྱུར ”གྱི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་གི་འཐུས་མི་གདན་དྲངས་ནས་ཚང་མར་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་འབད་འཐབ་ལྷོད་མེད་དང་བྱས་རྗེས་བཞག་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་བྱས་རྗེས་འགོད་པ་དང་གྲུབ་འབྲས་མངོན་པར་བྱས།
བྱ་འགུལ་སྤེལ་སྐབས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། ཞིང་ཆེན་ནུས་ཁུངས་ཅུའུ། ཞིང་ཆེན་སྤྱི་བདེ་ཐིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ནས་ཡོང་བའི་ལས་བྱེད་མི་སྣས་མི་སྒེར་གྱི་སྒྲོག་འགྲེལ་དང་རྣམ་པའི་ཐོག་ནས་ཁོ་ཚོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཁྲོད་ཞུགས་པ་དང་། ཐོན་ཁུངས་དང་ནུས་རྒྱུའི་ལེགས་ཆ་ཁོང་དུ་ཆུད་པ། སྐྱེ་ཁམས་སྲུང་སྐྱོབ་ལམ་སྲོལ་གསར་སྐྲུན། མཚོ་སྔོན་གྱི་རིག་གནས་ཁྲོད་ཀྱི་སྐྱེ་ཁམས་ནང་དོན་སྔོག་འདོན། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བཅས་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་པའི་གསོན་ཉམས་དོད་པའི་ལག་ལེན་བརྗོད།
ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པ་ཁྱོན་བསྡོམས400ལྷགཡུལ་དངོས་ནས་སྒྲོག་འགྲེལ་ཚོགས་འདུར་ཞུགས་པ་དང་། ཚང་མས་བཤད་རྒྱུར། ཐེངས་འདིའི་སྒྲོག་འགྲེལ་གྱི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ་དང་ཚང་མར་ཡར་སྐུལ་བྱས་པས། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་མཁན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཛིན་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཀྱི་བྱེད་ནུས་ཆེས་ཆེ་བ་མངོན་འགྱུར་བྱེད་པར་དམིགས་པ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་དོན་འཁྱོལ་དམ་འཛིན་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ཐད་འཕེལ་རིམ་སྔར་ལས་ཆེ་བ་ཐོབ་པར་འབད་བརྩོན་བཅས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།