མཚོ་སྔོན་ཚྭ་མཚོའི་མ་རྐང་ཚད་ཡོད་ཀུང་ཟིས་ལོ་སྟོད་དུ་ཁེ་སྤོགས་རྐྱང་བ་སྒོར་ཐེར་འབུམ་གཉིས་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་གཉིས་མངོན་འགྱུར་བྱུང་།
2024.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ལོ་སྟོད་དུ། ཁེ་ལས་བདག་གཉེར་ལས་ཡོང་འབབ་སྒོར་ཐེར་འབུམ་བདུན་དུང་ཕྱུར་གཉིས་དང་བྱེ་བ་གསུམ་འབུམ་བདུན་མངོན་འགྱུར་བྱུང་ཞིང་། ཁེ་སྤོགས་རྐྱང་བ་སྒོར་ཐེར་འབུམ་གཉིས་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་གཉིས་མངོན་འགྱུར་བྱུང་། དེའི་ཁྲོད། དཀྱིལ་སྙིང་ཐོན་རྫས་ཁིལ་ཅཱ་འགྱུར་གྱི་ཐོན་ཚད་ཏུན་ས་ཡ་གཉིས་འབུམ་གཉིས་ཁྲི་ལྔ་སྟོང་ལྔ་དང་བརྒྱ་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་བཅུ་དང་གྲངས་ཆུང་དྲུག་བརྒྱད་འཕར་ཞིང་། བྲིན་ཚད་ཏུན་ས་ཡ་གཉིས་འབུམ་གཉིས་ཁྲི་གསུམ་དང་སྟོང་དྲུག་བདུན་བརྒྱར་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་གསུམ་འཕར། ཁེ་ལས་ཀྱི་ཐཱན་སྐྱུར་ལིས་ཀྱི་ཐོན་ཚད་ཏུན་ཁྲི་གཅིག་སྟོང་བརྒྱད་དགུ་བརྒྱར་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་གཉིས་འཕར་བ་དང་། བྲིན་ཚད་ཏུན་ཁྲི་གཉིས་དང་བརྒྱ་ལ་སླེབས་ཤིང་། དུས་མཉམ་ལས་བརྒྱ་ཆའི་སོ་བཞི་དང་གྲངས་ཆུང་དགུ་བཞི་འཕར། ལོ་སྟོད་དུ། འཛམ་གླིང་གི་ཁིལ་ཅཱ་འགྱུར་དང་ཐཱན་སྐྱུར་ལིས་ཀྱི་རིན་གོང་ལ་འགྱུར་བ་བྱུང་ཡང་། ཚྭ་མཚོའི་མ་རྐང་ཀུང་ཟིས་སྒྲིག་གཞིའི་ཕན་ནུས་དང་མ་རྩ་ཚོད་འཛིན་ནུས་པ། ཐོན་སྐྱེད་བརྒྱུད་རིམ་ལེགས་སྒྱུར་བྱས་པ་དང་། ཐོན་རྫས་སྤུས་ཚད་ཇེ་མཐོར་བཏང་བ་སོགས་ཀྱི་བྱེད་ཐབས་ཀྱིས་འགྲན་རྩོད་དགེ་མཚན་སྲུང་འཛིན་བྱས་ཤིང་། ཁེ་སྤོགས་ཆུ་ཚད་བརྟན་འཇགས་སུ་གནས་ཡོད།

ཉེ་བའི་ལོ་འདི་འགར། ཚྭ་མཚོའི་མ་རྐང་ཚད་ཡོད་ཀུང་ཟིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པར་དམིགས་པ་དང་། ཚྭ་མཚོའི་ཐོན་ཁུངས་སྤུས་ཚད་མཐོན་པོས་གསར་སྤེལ་བེད་སྤྱོད་བྱེད་པའི་བཀོད་པར་སྐུལ་འདེད་བཏང་ནས། ཐོན་ཁུངས་ལེགས་སྒྱུར་སྡེབ་སྒྲིག་བྱེད་པའི་བཟོ་བསྐྲུན་དང་པོ་ལག་བསྟར་བྱས། ཚྭ་མཚོའི་གཏེར་ཁའི་ཐོན་སྐྱེད་དང་གཏེར་ཁ་འཚོལ་བ། ཐོན་ཁུངས་གསོག་ཉར་ཇེ་མང་དུ་གཏོང་བར་ཤུགས་བསྣན་ཅིང་། ཚྭ་མཚོའི་ཐོན་ཁུངས་ལྗང་མདོག་གསར་སྤེལ་བྱེད་པའི་སྔོན་ཐོན་ལག་རྩལ་བེད་སྤྱོད་དང་། སྲ་གཟུགས་གཤེར་གཟུགས་སུ་སྒྱུར་བ་སོགས་འདྲེས་སྦྱོར་གསར་སྤེལ་ལག་རྩལ་བརྒྱུད་དེ། ཚད་གཞི་དམའ་བའི་སྲ་གཟུགས་ཅཱ་ཚྭའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། ཚྭ་མཚོའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་། ཚྭ་ཆུ་འཚོལ་བཤེར་ནུས་ཚད་དང་གསར་སྤེལ་བེད་སྤྱོད་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་བྱ་བར་ཤུགས་བསྣན་ཏེ། རྩ་གནད་ལག་རྩལ་འགག་སྒྲོལ་ཐུབ་པར་ཤུགས་སྣོན་དང་། ཐོན་ལས་ཕྲེང་འབྲེལ་རྒྱུན་སྲིང་དང་འཐུས་ཚང་དུ་བཏང་ནས། ཚྭ་མཚོའི་གཏེར་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།