རྨ་ལྷོ་ཁུལ་གྱིས་ནགས་ཚལ་ལ་བརྟེན་ནས་མཁར་གྲོང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱས།
2025.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མིག་སྔར། རྨ་ལྷོ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་ནགས་ཚལ་གྲོང་གསེབ་ལྔ་དང་ཞིང་ཆེན་རིམ་པའི་གྲོང་རྡལ་ལྔ། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ་དྲུག་འཛུགས་སྐྲུན་བྱས་ནས། ས་དེའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་སྒྱུར་བྱས་པ་མ་ཟད། མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་སྔར་ལས་ཇེ་མཐོར་བཏང་།

2024ལོར། རྨ་ལྷོ་ཁུལ་ནགས་ལས་ཅུའུ་དང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ཆེད་ལས་རུ་ཁག་བཙུགས་ཏེ། གྲོང་གསེབ་དང་གྲོང་རྡལ་དུ་་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཁུལ་ཁོངས་མི་འདྲ་བའི་རང་བྱུང་ཆ་རྐྱེན་དང་ས་ཁམས་རྣམ་པ་དང་མི་གཞུང་ཁྱད་ཆོས་ལ་རྒྱབ་རྟེན་ནས། རང་གཤིས་ཅན་གྱི་ལྗང་བསྒྱུར་ཇུས་གཞི་གཏན་འབེབས་བྱས། དེ་དང་མཉམ་དུ། སྡོང་འཛུགས་ནགས་བསྐྲུན་གྱི་བྱ་འགུལ་ཤུགས་ཆེན་སྒོས་སྤེལ་བ་དང་། གྲོང་གསེབ་ཀྱི་ལམ་འགྲམ་དང་ཆུ་འགྲམ། ཞིང་སའི་མཐའ་འཁོར་དང་གྲོང་རྡལ་གྱི་སྤྱི་གླིང་། ཐང་ཆེན། སྡོད་ཁང་གཞིས་ཁུལ་སོགས་ཁུལ་ཁོངས་སུ་མཚོ་སྔོན་གྱི་གསོམ་ཤིང་སོགས་ས་དེར་འཚམ་པའི་སྡོང་རིགས་འདེབས་འཛུགས་བྱས་ཏེ། ནགས་ཚལ་གྱི་ཁེབས་ཚད་ཇེ་མཐོར་སོང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་དོ་སྣང་བྱས་པ་དང་། ནགས་ཚལ་གྱི་མེ་འགོག་དང་ནད་འབུའི་གནོད་འཚེ་འགོག་བཅོས་བྱ་བར་ཤུགས་བསྣན་ནས། ནགས་ཚལ་གྱི་སྐྱེ་ཁམས་མ་ལག་བརྟན་འཇགས་དང་བདེ་ཐང་ཡོང་བར་ཁག་ཐེག་བྱས།

རྨ་ལྷོ་ཁུལ་གྱིས་ནགས་ཚལ་གྲོང་གསེབ་གསར་སྐྲུན་བྱེད་པ་དང་གྲོང་གསེབ་དར་སྤེལ་དང་གྲོང་རྡལ་འཕེལ་རྒྱས་སུ་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ་དང་། སྐྱེ་ཁམས་གནས་སྐོར་དང་ལྗང་མདོག་ཐོན་ལས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ལ། སྡེ་དམངས་ཀྱིས་ཞིང་བའི་སྤྲོ་ཁྱིམ་དང་དམངས་ཁྲོད་མགྲོན་ཁང་སོགས་གྲོང་གསེབ་གནས་སྐོར་ལས་གཞི་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་གཏོང་བ་དང་། ཁེ་ལས་ཀྱིས་ནགས་ཚལ་ཁམས་གསོ་དང་སྐྱེ་ཁམས་འཐུ་འཐོག་སོགས་ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་པར་སྣེ་ཁྲིད་བྱས་ནས། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཐད་ཀྱི་གཉིས་ཕན་མངོན་འགྱུར་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།