རྨ་ཆུའི་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་སྲུང་བས་རྨས་ཕོག་པའི་རི་སྤྱང་བསྐྱབས།
2025.03.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3ཚེས4ཉིན།གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོ་ནས་རྒྱུས་ལོན་བྱུང་བ་ལྟར་ན།ས་གནས་དེ་གའི་སྐྱེ་ཁམས་ཁོར་སྲུང་བའི་འབད་བརྩོན་འོག་རྨས་ཕོག་པའི་རི་སྤྱང་ཞིག་སྐྱོབ་བཅོས་བྱས་པ་དང་སླར་གསོ་བྱས་པ་ཅུང་བཟང་བས་ཕྱིར་རྩྭ་ཐང་དུ་བཏང་།

ཟླ1ཚེ15ཉིན།རྨ་ཆུ་ཡུལ་ཚོའི་ལས་བྱེད་པ་འཇམ་དབྱངས་རྡོ་རྗེ་དང་རྡོ་རྗེ་ཚེ་རིང་།སྐྱེ་ཁམས་ཁོར་སྲུང་བ་པཱེ་པཱེ་དང་སྙན་ལོ་སོགས་ཀྱིས་ཐང་དཀར་མོ་སྡེ་བར་སྐོར་ཞིབ་བྱེད་སྐབས།སྒོ་ཁྱི་འགས་རི་སྤྱང་ཞིག་སྐོར་སྡོམ་བྱེད་པ་མཐོང་བ་དང་།དེ་མུར།རི་སྤྱང་དང་སྒོ་ཁྱིའི་བར་ཕན་ཚུན་འཛིང་རེས་བྱུང་ནས་རི་སྤྱང་དེའི་མདུན་སུག་གཡོན་པ་རྨས་ཕོག་ནས་ཁྲག་བཞུར་པ་དང་འགྲོ་འདུག་སྟབས་མི་བདེ་བ་མཐོང་།

དེའི་ཕྱིར།སྐྱེ་ཁམས་ཁོར་སྲུང་བ་གཉིས་ཀྱིས་རི་སྤྱང་གི་ལུས་སྟོབས་ཅུང་ཞན་པའི་གོ་སྐབས་དང་བསྟུན་ནས་དེའི་མགོ་བོ་དང་ལུས་པོ་རྩྭ་ཐང་ནས་འཕག་མི་ཐུབ་པར་བྱས་རྗེས།སྐྱེ་ཁམས་ཁོར་སྲུང་བ་གཞན་དེས་སྨན་བྱུག་སྟེ་རྨ་ལས་བྱས།

ཅུང་མ་འགོར་བར།རི་སྤྱང་གི་ལུས་སྟོབས་རིམ་བཞིན་སླར་གསོ་བྱུང་བ་དང་།ཁོར་སྲུང་བས་ལག་པ་གློད་རྗེས།རི་སྤྱང་དེ་དལ་གྱིས་ཕྱིར་རྩྭ་ཐང་དུ་ལོག སྤྱང་ཀི་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཡིན་པས།སྐྱེ་ཁམས་ཁོར་སྲུང་བས་སྤྱང་ཀིར་སྐྱོབ་བཅོས་བྱས་རྗེས་ཉིན་རེར་ཐང་དཀར་མོ་སྡེ་བར་ཡོང་སྟེ་སྤྱང་ཀིས་རྨས་སྐྱོན་སླར་གསོ་དང་གཟན་ཟ་བ་སོགས་ཀྱི་གནས་ཚུལ་ལ་སྐོར་སྲུང་ལྟ་ཞིབ་བྱེད་བཞིན་ཡོད།

སྐྱེ་ཁམས་ཁོར་སྲུང་བས་ངོ་སྤྲོད་བྱེད་རྒྱུར།“ད་ལྟ་སྤྱང་ཀི་དེ་རྒྱུན་ལྡན་ལྟར་གཟན་འཚོལ་བར་འགྲོ་ཐུབ།”ཟླ3པའི་ཟླ་སྟོད་བར་སྐྱེ་ཁམས་ཁོར་སྲུང་བས་ཕྱི་རོལ་དུ་སྐྱོབ་བཅོས་བྱས་པའི་རི་སྤྱང་དེར་བསྟུད་མར་ཐེངས་མང་འཕྲད་པ་དང་དེའི་ལུས་སྟོབས་སླར་གསོ་བྱེད་བཞིན་ཡོད་པ་མཐོང་།

ངོ་སྤྲོད་བྱས་པ་ལྟར་ན།སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་རྨ་ཆུ་ཡུལ་ཚོར་སྐྱེ་ཁམས་ཁོར་སྲུང་བས་རྨས་སྐྱོན་ཕོག་པ་དང་ཉེན་ཁའི་གནས་སུ་ལྷུང་བའི་རི་སྐྱེས་སྲོག་ཆགས་གང་མང་ཞིག་སྐྱོབ་བཅོས་བྱས་པའི་གཏམ་རྒྱུད་ཀྱང་མི་ཉུང་བ་ཞིག་ཡོད།ཡར་སྔོན་སྐྱེ་ཁམས་ཁོར་སྲུང་བས་བརླན་སའི་འདམ་ནང་ཟུག་པའི་རྒྱལ་ཁབ་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་ཤྭ་བ་མཆུ་དཀར་ཆུང་ཆུང་ཞིག་སྐྱོབ་བཅོས་བྱས་མྱོང་ལ།ཆུ་ཆེན་གྱིས་ཁུར་བའི་ཁྲུང་ཁྲུང་སྐེ་ནག་ཞིག་གི་ཚང་བསྐྱར་བསྐྲུན་བྱས་པ་དང་།རི་སྦྱང་ཞིག་འཁྱགས་རོམ་ཆགས་པའི་མཚེའུ་ནང་དུ་ལྷུང་བ་ཡང་བསྐྱབས་མྱོང་།


དངོས་སྦྱོང་སློབ་མ་ལྷ་མོ་སྒྲོལ་མས་བསྒྱུར།