ཝང་གོ་ཧྲིན་དང་སྡེ་སྡོད་ཧྲུའུ་ཅི་དང་པོ། དབུལ་སྐྱོར་ལས་བྱེད་པ་བཅས་ཀྱིས་མཉམ་དུ་བཞུགས་མོལ་བྱས།
2018.02.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ལས་བྱེད་པར་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཐོན་པའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ལས་བྱེད་པ་བཅུ་གསུམ་བཅས་ཀྱིས་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་པར་མ་ཟད། དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་དང་གྲོས་འདོན་བསམ་འཆར་ལ་ཉན་ནས། དབུལ་ཐར་མཁྲེགས་གཏོར་ལས་གནས་སྟེང་ན་འབད་འབུངས་ཧུར་ཐག་བྱེད་ཀྱིན་པའི་རྒྱ་ཆེ་བའི་སྡེ་སྡོད་ལས་བྱེད་པ་རྣམས་ལ་སྐུལ་མ་བཏང་བར་མ་ཟད། ཁོ་ཚོར་གུས་འདུད་བླ་མེད་དང་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་བྱས།

བསྟུད་མུར་ལོ་གཉིས་ཀྱི་རིང་ལ། ཞིང་ཆེན་ཏང་ཨུས་དཔྱིད་ལུགས་ལོ་སར་དུས་ཆེན་རྗེས་ནས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ལས་བྱེད་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ལིག་ཅན་ཞིན་དང་པོ་ཝུའུ་ཀྲང་། ལིག་ཝུན་ཧོས། པའེ་ཅེ། ལིས་ཡུས་ལན། ཧུའུ་ཡུང་ཞའོ། ཞང་ཞིག་ཧྭ། ཀྲའོ་ཐའོ། ཐེན་ཝུན་པའོ། ཀྲིག་ཙུའུ་ཡུག ཐེན་ཁི་ཧྲོང་སོགས་བློ་མཐུན་རྣམས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད།

ཝང་གོ་ཧྲིན་གྱིས་བློ་མཐུན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ལས་བྱེད་པས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་བསྟན་དོན། ང་ཚོས་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་ཕིགས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས་པར་གདམས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། བརྩེ་བ་ཟོལ་མེད་བཅངས་ནས་གུང་ཁྲན་ཏང་མིའི་གཤིས་ཀ་ཇེ་བརྟན་དུ་གཏོང་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཇེ་དམ་དུ་བཏང་ནས། མཐུན་སྒྲིལ་སྒོས་རིགས་སོ་སོའི་མང་ཚོགས་ཚང་མ་བློ་བརྟན་འགྱུར་མེད་ངང་ཏང་གི་གསུངས་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བར་སྣེ་ཁྲིད་བྱེད་དགོས། འགན་འཁྲི་ཕྲག་སྟེང་དུ་ལེན་པར་ཤུགས་སྣོན་དང་ས་གནས་སོ་སོའི་དངོས་ཡོད་དང་དམ་དུ་འབྲེལ་བ། སྲིད་ཇུས་བྱེད་ཕྱོགས་དངོས་འབེབས་བཟང་བོ་བྱེད་པ། དབུལ་ཕོངས་མང་ཚོགས་ཀྱི་བརྩོན་སེམས་དང་རང་རྟོགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བའི་ལས་རིམ་ཁག་ཚང་མ་རྨང་རྐང་བརྟན་པོའི་སྒོ་ནས་བསྒྲུབ་དགོས། ཞིང་སྡེ་དང་འབྲོག་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འགྱུར་ལྡོག་དང་དེར་གནས་པའི་འགལ་བར་དུས་ལྟར་དབྱེ་ཞིབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་བྱེད་ནུས་ཇེ་མཐོར་གཏོད་པ་དང་། དཀའ་གནད་རེ་རེ་བྱས་ཏེ་ཐག་གཅོད་དགོས་ལ། ལས་དོན་རེ་རེ་བཞིན་དངོས་འབེབས་བྱས་ནས། བྱ་བའི་བྱེད་ཕྱོགས་དང་བྱེད་ཐབས་བསྒྱུར་དགོས། དབུལ་ཐར་མཁྲེགས་གཏོར་གྱི་སྤུས་ཀ་ཇེ་མཐོར་བཏང་ནས། བར་མ་ཆད་པའི་སྒོ་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་པར་མ་ཟད། བློ་ཐག་རྦད་ཆོད་སྒོས་དབུལ་ཐར་མཁྲེགས་གཏོར་བྱ་བ་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། གཞི་གསུམ་འཛུགས་སྐྲུན་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ་དང་། གཞི་རིམ་ལས་བྱེད་པ་གསོ་སྐྱོང་དང་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ཏེ། གཞི་རིམ་འཕེལ་རྒྱས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པའི་ལས་བྱེད་པའི་དཔུང་སྡེ་ཞིག་བསྐྲུན་དགོས། ཤུགས་ཆེན་པོས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་རུ་ཁག་གི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས། དབུལ་ཐར་ལས་གནས་སྟེང་ནས་ལས་བྱེད་པ་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས། གནད་ཕིགས་དང་ནོར་འཆུག་མེད་པའི་སྒོ་ནས་སྡེ་བར་སྡོད་པའི་ལས་བྱེད་པ་གསར་བ་འདེམས་མངགས་བྱས་ཏེ། བྱ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།

ལིག་ཉིན་དང་ཡན་ཅིན་ཧེ། ཡུས་ཚུང་ལི་བཅས་ཀྱིས་ད་ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་ནས་བསམ་འཆར་བཏོན། ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།