མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་མཁར་གྲོང་སྡོད་དམངས་དང་ལྷག་པར་དུ་རོང་འབྲོག་ཁུལ་གྱི་སྡོད་དམངས་ཀྱི་ནད་རིགས་སྔོན་འགོག་སོགས་ཕྱོགས་ཀྱི་སྲིད་ཇུས་ལམ་ལུགས་འཆར་འགོད་ཐད་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན།
2018.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས། རྒྱལ་ཁབ་ཀྱི་ངོས་ནས་མཁར་གྲོང་སྡོད་དམངས་དང་ལྷག་པར་དུ་རོང་འབྲོག་ཁུལ་གྱི་སྡོད་དམངས་ཀྱི་ནད་རིགས་སྔོན་འགོག་སོགས་ཕྱོགས་ཀྱི་སྲིད་ཇུས་ལམ་ལུགས་འཆར་འགོད་ཐད་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ལག་བསྟར་བྱས་པ་དང་། བདེ་ཐང་གི་མཚོ་སྔོན་འཛུགས་པའི་འཐབ་ཇུས་མཐོ་ཚད་ནས་འགོ་ཚུགས་ཏེ། མི་དམངས་ཀྱི་བདེ་ཐང་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། སྔོན་འགོག་གཙོར་བྱས་པའི་དུས་རབས་གསར་བའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། ཁྱོན་ཡོངས་དང་དུས་ཡུན་ཡོངས་སུ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་འགན་སྲུང་བྱེད་པའི་ཐད་ཤུགས་བཏོན་པས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་ནད་རིགས་སྔོན་འགོག་དང་བདེ་སྲུང་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་བ་དང་། མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་། དེ་དང་མཉམ་དུ། བཟོ་ལས་ཅན་དང་གྲོང་གསེབ་ཅན། མི་གྲངས་ལོ་ལོན་ཅན་དུ་གྱུར་བ་དང་། སྐྱེ་ཁམས་ཁོར་ཡུག་དང་འཚོ་བའི་རྣམ་པར་འགྱུར་ལྡོག་བྱུང་བའི་ཁར། མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་ས་ཁམས་ཁོར་ཡུག་སོགས་རྒྱུ་རྐྱེན་གྱི་དབང་གིས། སྡོད་དམངས་ཀྱི་བདེ་ཐང་ལ་སྐུལ་འདེད་དང་འགན་སྲུང་བྱེད་པའི་ཐད་ནས་འགྲན་རྩོད་གསར་བ་རབ་དང་རིམ་པར་འཕྲད་པ་དང་། ཞིང་ཆེན་ཡོངས་ཀྱི་ནད་རིགས་སྔོན་འགོག་དང་བདེ་སྲུང་ཞབས་ཞུའི་མཁོ་སྤྲོད་སྤྱིའི་ཆ་ནས་མི་འདང་བ་དང་མང་ཚོགས་ཀྱི་བདེ་ཐང་ཐད་ཀྱི་དགོས་མཁོ་རྒྱུན་མ་ཆད་པར་འཕར་སྣོན་བྱུང་བའི་བར་གྱི་འགལ་བ་སྔར་བཞིན་འབུར་ཐོན་ཡིན་པས། སྲིད་ཇུས་དང་མ་དངུལ་གྱི་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་ནད་རིགས་སྔོན་འགོག་དང་ཚོད་འཛིན་ནུས་པ་འཛུགས་སྐྲུན། འགོག་བཅོས་གྲོན་དངུལ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱེད་དགོས་ཟེར།

དེར་བརྟེན། མཚོ་སྔོན་འཐུས་ཚབ་ཚོགས་པས། གཅིག་ནས་རྒྱལ་ཁབ་ཀྱི་ངོས་ནས་སྲིད་ཇུས་གཏན་འབེབས་བྱས་ནས། རོང་འབྲོག་ཁུལ་གྱི་འགོས་ནད་དང་དལ་བའི་རང་བཞིན་གྱི་ནད་ཀྱི་འགོག་བཅོས། བདེ་ཐང་སློབ་གསོ་དང་འཕྲོད་བསྟེན་གྱི་ལྟ་ཞིབ་ཚད་ལེན་ཆེན་པོ་རིགས་ལྔ་བཅས་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཁྲོད་བཞག་སྟེ། གཞི་རིམ་དང་ལྷག་པར་དུ་རོང་འབྲོག་ཁུལ་གྱི་ནད་རིགས་སྔོན་འགོག་ཚོད་འཛིན་དང་བདེ་ཐང་སློབ་གསོའི་ཆེད་ལས་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གཉིས་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་རང་རྐྱ་འཕེར་བའི་བདེ་ཐང་སློབ་གསོའི་ཆེད་ལས་སྡེ་ཁག་བཙུགས་ཏེ། བདེ་ཐང་ཡར་སྐུལ་དང་སློབ་གསོའི་བྱ་བའི་ཆེད་སྤྱོད་གྲོན་དངུལ་རིམ་པ་སོ་སོའི་སྲིད་གཞུང་གི་ལོ་ཧྲིལ་བོའི་ནོར་སྲིད་སྔོན་རྩིས་ཁྲོད་འཇོག་པ་དང་། བདེ་ཐང་ཡར་སྐུལ་དང་སློབ་གསོའི་ལས་འགན་དམིགས་ཚད་སྲིད་འཛིན་སྡེ་ཁག་དང་ལས་སྒོ་སྡེ་ཁག་གི་ལོ་ཧྲིལ་བོའི་བྱ་བའི་དམིགས་འབེན་དཔྱད་ཞིབ་ཁྲོད་འཇོག་པ། གསུམ་ནས་རིམ་པ་སོ་སོའི་ནད་རིགས་ཚོད་འགོག་སྡེ་ཁག་གི་སྒྲིག་ལུགས་ཁ་སྣོན་བྱེད་པ་དང་། ཟླ་ཕོགས་དང་སྐུལ་སློང་རྐྱེན་སྲོལ་ཆུ་ཚད་མཐོར་འདེགས་བྱས་ཏེ། ནད་རིགས་ཚོད་འགོག་བྱ་བའི་དཔུང་སྡེ་གཏན་འཇགས་སུ་གཏོང་རྒྱུའི་གྲོས་གཞི་བཏོན།