ཞི་ཅིན་ཕིང་གིས་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ཁ་ནེ་ཨར་དང་གྲོས་མོལ་མཛད།
2018.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ཁ་ནེ་ཨར་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུ་པའི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཞོར་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མཁན་ཁ་ནེ་ཨར་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ཁ་ནེ་ཨར་ཐོག་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་དང་། ཁ་ནེ་ཨར་བརྒྱད་ནས་ཁུ་པའི་ཧྲུའུ་ཅི་དང་པོ་ཁ་སི་ཐི་ལོ་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཁ་པ་ནི་ཁྱད་དུ་འཕགས་པའི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དུས་རབས་ཕྱེད་ཀའི་རིང་དཀའ་ཁག་ལ་མ་འཛེམས་པར་རང་གི་བགྲོད་ལམ་དུ་སྐྱོད་པས། འཛམ་གླིང་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། ཀྲུང་གོ་དང་ཁུ་པ་གཉི་ག་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ལ། གྲོགས་པོ་བཟང་པོ་དང་བློ་མཐུན་བཟང་པོ། སྤུན་ཟླ་བཟང་པོ་ཡིན། འདི་ལ་དོན་དངོས་ཀྱི་བདེན་དཔང་ཡོད་པར་མ་ཟད། འདིས་དུས་ཚོད་དང་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཡོད། ཀྲུང་གོ་དང་ཁུ་པ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པས་མཉམ་དུ་གསར་སྐྲུན་དང་སྐྱེད་སྲིང་བྱས་པའི་ཀྲུང་གོ་དང་ཁུ་པའི་མཛའ་བརྩེ་ལ་ལྡབ་ལྷག་གིས་གཅེས་སྤྲས་བྱས་ནས། དེ་རྒྱུན་འཛིན་བཟང་པོ་བྱེད་པ་དང་འཕེལ་རྒྱས་བཟང་པོ་བཏང་ནས། ཀྲུང་གོ་དང་ཁུ་པའི་མཛའ་མཐུན་མཉམ་ལས་ཀྱི་ལོ་རྒྱུས་གསར་པ་བསྐྲུན་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཁུ་པའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཁུ་པའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་འབད་བརྩོན་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་མིག་རྒྱང་རིང་པོས་གཅིག་འདོམས་འཆར་འགོད་བྱས་ཏེ། ཀྲུང་གོ་དང་ཁུ་པའི་འབྲེལ་བ་རྒྱུན་སྲིང་སྒོས་འཕེལ་རྒྱས་སུ་གཏོང་དགོས། ཆབ་སྲིད་ཐད་ནས་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་ལ། དཔལ་འབྱོར་ཐད་ནས་གཉིས་ཕན་མཉམ་རྒྱལ་དང་ཕན་ཚུན་རོགས་རེས་བྱེད་དགོས། རྒྱལ་སྐྱོང་སྲིད་འཛིན་ཐད་ནས་བརྗེ་རེས་ལ་ཤུགས་སྣོན་དང་ཕན་ཚུན་སློབ་སྦྱོང་བྱེད་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོས་ཁུ་པ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཕྱོགས་གཉིས་ཀྱིས་འབྱོར་འཚོང་དང་ནུས་ཁུངས། ཞིང་ལས། ཡུལ་སྐོར། སྐྱེ་དངོས་སྨན་རྫས་སོགས་མཉམ་ལས་ཀྱི་ཁྱབ་ཁོངས་དང་ལས་གཞི་གལ་ཆེན་ལ་འཆར་འགོད་བཟང་པོ་བྱས་ནས་བརྟན་བརླིང་སྒོས་སྤེལ་འདོད་ཡོད། ཁུ་པར་མཉམ་ལས་བྱེད་སྐབས་ཀྲུང་གོས་དྲང་བདེན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། རྒྱབ་སྐྱོར་བྱེད་ཐུབ་ཚད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། ང་ཚོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་བཅོས་སྒྱུར་འཕེལ་རྒྱས་སོགས་ཕྱོགས་ནས་ཕན་ཚུན་ལ་སློབ་སྦྱོང་བྱེད་དགོས། མི་ཆོས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་ན་གཞོན་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། དེ་ཀྲུང་གོ་དང་ཁུ་པའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་དུས་གཏན་གྱི་སྒུལ་ཤུགས་སུ་བསྒྱུར་དགོས་ཟེར།

ཁ་ནེ་ཨར་གྱིས་བསྟན་དོན། ཁུ་པ་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པ་དང་། ཀྲུང་གོས་ཁུ་པའི་དྲང་བདེན་ལས་དོན་ལ་ནམ་ཡང་རྒྱབ་སྐྱོར་བྱས་པ་དང་། ཁུ་པ་ལ་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཁུ་པ་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་ཡིད་རྟོན་གཉིས་ཕན་གྱི་རྨང་གཞིའི་སྟེང་བཙུགས་པ་ཡིན་ལ། རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཡོད་པ་དང་། མ་འོངས་པའི་འགྲན་རྩོད་ཡོད་ཚད་ལ་ཁ་གཏད་འཇལ་ཐུབ་ངེས། ཁུ་པ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་དང་ཆབ་སྲིད་གྲོས་མོལ་མུ་མཐུད་ནས་སྲུང་འཛིན་བྱས་ཏེ། འབྱོར་འཚོང་དང་སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ཇེ་དམ་དུ་གཏོང་དགོས་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་ཕྱོགས་གཉིས་ཀྱིས་འབྲེལ་ཡོད་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་ཁ་ནེ་ཨར་ལ་དགའ་བསུའི་མཛད་སྒོ་བསྡུས། ཕིན་ལིས་ཡོན་དང་པད་མ་འཕྲིན་ལས། ཝང་དབྱི། ཞ་པའོ་ལུང་། ཧི་ལིས་ཧྥེང་སོགས་མཛད་སྒོར་ཞུགས།