ཟླ་དགུ་བའི་ཚེས་ལྔ་ཉིན་གྱི་སྔ་དྲོར། མཚོ་སྔོན་གྱིས་ཟི་ལིང་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་། གསར་བརྗེ་སྔོན་གཤེགས་དཔའ་བོས་བཏོད་པའི་རླབས་ཆེན་ལས་དོན་མུ་མཐུད་དུ་མདུན་ནས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། སྔོན་རབས་པ་དང་དུས་རབས། མི་དམངས་བཅས་ལ་ངོ་གནོངས་མི་དགོས་པའི་གྲུབ་འབྲས་གཟི་བརྗིད་ལྡན་པ་བརྩོན་ལེན་བྱས་མཐར། མཉམ་དུ་ཟི་ལིང་དང་མཚོ་སྔོན་གྱི་མ་འོངས་པ་མཛེས་ཤིང་སྡུག་པ་ཞིག་བསྐྲུན་དགོས་ཟེར།
ཝང་ཅན་ཅུན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཟི་ལིང་གི་ཁ་སང་ནི་བརྗེད་ཐབས་བྲལ་བ་ཞིག་ཡིན། འདས་པའི་ལོ་ངོ་བདུན་ཅུའི་རིང་ལ། མཚོ་སྔོན་དང་ཟི་ལིང་ཉམས་སད་ཆེན་པོའི་ཁྲོད་ནས་ཐར་ཡོད་ཅིང་། ལོ་རྒྱུས་ཀྱི་གནད་འགག་ལོ་རབས་དང་གནད་འགག་དུས་ཚིགས་དེ་ལྟ་བུ་མི་རྣམས་ཀྱིས་ཡིད་ལ་བརྟན་པོར་ངེས་དགོས། ཟི་ལིང་བཅིངས་འགྲོལ་བྱས་པ་ནི་མཚོ་སྔོན་བཅིངས་འགྲོལ་བྱས་པའི་རྟགས་མཚན་ཡིན་ལ། ཟི་ལིང་གི་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་ལ་སྣེ་ཁྲིད་བྱས་པ་དང་། ཟི་ལིང་གི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱིས་ཞིང་ཆེན་ཡོངས་ཀྱི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱས་ཡོད་ཅིང་། ཟི་ལིང་གི་བཅོས་སྒྱུར་སྒོ་འབྱེད་ལག་ལེན་ནི་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་བསྡུས་གཟུགས་ཡིན་པ་དང་། ཟི་ལིང་གི་འཕེལ་རྒྱས་འགྱུར་ལྡོག་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འགྱུར་ལྡོག་མངོན་པར་བསྟན་ཡོད། འདས་པའི་ལོ་ངོ་བདུན་ཅུའི་རིང་ལ། དུས་སྐབས་སོ་སོའི་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་ངལ་ཁྱད་གསོད་བྱས་ཏེ། དཀའ་སྡུག་གི་རྔུལ་ཆུ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་གྲུབ་འབྲས་བླངས་ཡོད་ཟེར།
ལིག་ཉིང་དང་རྡོ་རྗེ་རབ་བརྟན། སངས་རྒྱས་སྐྱབས། པདྨ། ཟི་ལིང་གི་ཞིང་ཆེན་རིམ་པའི་འགོ་ཁྲིད་དང་ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ་བཅས་བཞུགས་མོལ་ཚོགས་འདུར་ཞུགས། དེ་མིན་ད་དུང་ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་རིམ་པའི་འཐབ་མོ་བ་རྒན་པ་དང་ཏང་ཡོན་རྒན་པའི་འཐུས་མི། སློབ་མའི་འཐུས་མི། ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། སྔོན་ཐོན་དཔེ་ལེགས་མི་སྣའི་འཐུས་མི། འཐབ་མོ་བ་རྒན་པ་དང་ཏང་ཡོན་རྒན་པའི་འཐུས་མི། ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་མང་ཚོགས་འཐུས་མི་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།