བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་སྤེལ་རྒྱུ་ཐོག་མཐའ་བར་གསུམ་ཏུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་སྤེལ།
2019.10.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 66

ཟླ་བཅུ་པའི་ཚེས་གཅིག་ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་སྐབས་བཅུ་དགུ་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་སྤེལ་རྒྱུ་ཐོག་མཐའ་བར་གསུམ་ཏུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་བཀོད།

རྩོམ་ཡིག་ནང་དུ། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་ཁག་ཐེག་ཡིན་པས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་འདི་བཟང་པོར་སྤེལ་ན། ང་ཚོའི་ཏང་གིས་ངེས་པར་དུ་རང་ཉིད་གསར་བརྗེ་བྱེད་ཕོད་པར་བྱས་ཏེ། ཏང་སྔར་ལས་བརྟན་བརླིང་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་དགོས། རང་ཉིད་གསར་བརྗེ་བྱེད་ཕོད་པར་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནི་ང་ཚོའི་ཏང་གི་ཆེས་མངོན་པར་གསལ་བའི་ཁྱད་ཆོས་ཡིན་ལ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་དེ་མཚམས་མ་ཆད་པར་རྒྱུན་འཁྱོངས་བྱེད་དགོས། གུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གང་ན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་ན་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གང་ན་ཡོད། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་སྐབས། ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ནི་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་ཡིན། དུས་རབས་གསར་པར་ང་ཚོའི་ཏང་གིས་ངེས་པར་དུ་ཏང་གི་རང་ཉིད་གསར་བརྗེ་ལ་བརྟེན་ནས་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་སྤེལ་བའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་སྐུལ་འདེད་བཏང་སྟེ། ཏང་འདི་ཉིད་དུས་ནམ་ཡང་དུས་རབས་ཀྱི་སྔོན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱིས་ལྷག་བསམ་རྣམ་དག་སྒོས་གོང་བཀུར་བྱེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ། ཉེན་ཁའི་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འཛུགས་སྐྲུན་བྱེད་དགོས། འདི་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་སྤེལ་བའི་ཕྱིའི་བླང་བྱ་ཡིན་ལ། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ནང་གི་དགོས་མཁོ་ཡང་ཡིན་ཞེས་ནན་གྱིས་བསྟན་ཡོད།

རྩོམ་ཡིག་ནང་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལས་འགན་ལྕི་མོ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་འགན་འཁྲིས་ང་ཚོའི་ཏང་ལ་སྔ་ན་མེད་པའི་འགྲན་རྩོད་གསར་པ་དང་བླང་བྱ་གསར་པ་བཏོན་ཡོད་ལ། ཏང་གི་སྔོན་ཐོན་རང་བཞིན་ལ་གནོད་པ་བཟོ་བ་དང་ཏང་གི་ལྷད་མེད་རང་བཞིན་ཇེ་ཞན་དུ་གཏོང་བའི་རྒྱུ་རྐྱེན་སྣ་ཚོགས་དང་ཉེན་ཁའི་རང་བཞིན་དང་གཏོར་བརླག་རང་བཞིན་ཧ་ཅང་དྲག་པོ་ལྡན་པ་དེས། དུས་རབས་གསར་པར་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་སྤེལ་བར། རྨང་སྐྱེད་གཞི་བརྟན་བྱེད་དགོས་པར་མ་ཟད་གསར་སྤེལ་གསར་གཏོད་བྱེད་དགོས་ལ། གནད་འགག་གནད་ས་འཛིན་དགོས་པར་མ་ཟད་སྤྱིའི་རྣམ་པ་ཞིག་གྲུབ་པར་བྱེད་དགོས་པ་དང་། ལྷག་པར་དུ་མཐར་ཐུག་གི་རང་ཉིད་གསར་བརྗེའི་དགོངས་པ་དར་སྤེལ་བྱེད་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། ང་ཚོའི་ཏང་འདི་ཉིད་དུས་ནམ་ཡང་དུས་རབས་ཀྱི་གདོང་མཆོང་དང་མི་རིགས་ཀྱི་སྒལ་རུས་ལྟ་བུར་འགྱུར་བར་བྱེད་པ་དང་། དུས་ནམ་ཡང་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་དུ་འགྱུར་བར་བྱེད་དགོས་ན། རང་ཉིད་ངེས་པར་དུ་དུས་ནམ་ཡང་ནུས་པ་ཆེ་དགོས། ནུས་པ་ཇི་ལྟར་ཆེ་དགོས་ཟེར་ན། རང་ཉིད་གསར་བརྗེ་བྱེད་ཕོད་པ་དང་། རང་སྐྱོན་རང་གིས་འདོན་ཕོད་པ། རང་སྐྱོན་ཡོ་བསྲང་བྱེད་ཕོད་པ་བཅས་བྱས་ཏེ། རྐྱེན་ངན་ནང་ནས་འབྱུང་བར་སྔོན་འགོག་བྱེད་དགོས། འདི་ནི་ང་ཚོའི་ཏང་གིས་ཅིའི་ཕྱིར་རྒྱུན་མ་ཆད་པར་རང་ཉིད་གསར་བརྗེ་བྱེད་པའི་རྩ་བའི་དོན་སྙིང་ཡིན་ཟེར།

རྩོམ་ཡིག་ནང་བསྟན་དོན། ང་ཚོའི་ཏང་འཛུགས་སྐྲུན་བཟང་པོ་བྱེད་ན། ངེས་པར་དུ་གནད་འགག་གི་ཉུང་ཤོས་ཞེས་པ་དམ་དུ་འཛིན་དགོས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ངེས་པར་དུ་ཡིད་རྟོན་གྱི་ཚད་མཐོ་བ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་བ། འགན་འཁྲིའི་འདུ་ཤེས་དྲག་པ། ནུས་པ་ཆེ་བ། ཀུན་སྤྱོད་བཟང་བ་བཅས་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་ནན་གསུམ་རྣལ་གསུམ་ལག་ལེན་བྱེད་པ་དེ་བྱ་བ་དང་འཚོ་བ་ཧྲིལ་པོར་སྦྲེལ་ནས། དེ་གོམས་སྲོལ་ཞིག་ཏུ་ཆགས་པར་བྱེད་པ་དང་དེ་རྟོགས་པ་ཞིག་ཏུ་བསྒྱུར་དགོས་ཟེར།