ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོར་མཇལ་འཕྲད་གནང་།
2019.12.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་བཅུ་དགུ་ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་མགྲོན་པོར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན་པས། ལོ་རྒྱུས་རང་བཞིན་ལྡན་པའི་ལོ་འདིར་མི་རྣམས་ཀྱིས་བསམ་གཞིགས་གཏིང་ཟབ་གཏོང་སྲིད་ངེས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུའི་རིང་ལ་རླབས་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་བླངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ནི་ཀྲུང་གོ་མུ་མཐུད་དུ་འཕེལ་རྒྱས་དང་བརྟན་འཇགས་སུ་འགྲོ་བའི་རྩ་བའི་རྒྱུ་རྐྱེན་ཡིན་པས། ཀྲུང་གོ་མི་དམངས་ཡོངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ། ང་ཚོ་བློ་བརྟན་འགྱུར་མེད་སྒོས་མུ་མཐུད་དུ་རང་ཉིད་ཀྱིས་གདམ་གསེས་བྱས་པའི་བགྲོད་ལམ་དུ་སྐྱོད་ངེས་ཡིན། ཀྲུང་གོས་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། དུས་ལྟར་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། བདག་གིས་ཀྲུང་གོའི་མ་འོངས་པར་ཡིད་ཆེས་ཆེན་པོ་བཅངས་ཡོད་ཟེར།

ལ་ཐོ་ཝེ་ཡའི་སྔོན་ཆད་ཀྱི་ཙུང་ཐུང་ཧྥའོ་ལེ་པེ་ཅ་དང་ཐན་ཙན་ནི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཁ་ཕ། འཇར་པན་གྱི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་ཅིག་ཧྲན་ཡུག་ཅི་ཧྥུའུ། ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་པུའུ་ཧྲིའི་བུ་གསུམ་པ་ཉི་ཨར་པུའུ་ཧྲི། སི་ལོ་ཝན་ཉི་ཡའི་སྔོན་ཆད་ཀྱི་ཙུང་ཐུང་ཐུའུ་ཨར་ཁི་སོགས་ཕྱི་རྒྱལ་གྱི་མགྲོན་པོས་སྔ་གཞུག་ཏུ་གཏམ་བཤད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོས་འཕེལ་རྒྱས་གྲུབ་འབྲས་ཆེན་པོ་བླངས་པར་ཡིད་སྨོན་བྱེད་ཀྱིན་ཡོད་པར་མ་ཟད་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱས།  ཀྲུང་གོ་ནི་ཤུགས་རྐྱེན་གལ་ཆེན་ཐེབས་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས་མུ་མཐུད་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པར་ཁོ་ཚོར་ཡིད་ཆེས་ཡོད་ཟེར།