ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ལས་ཐོན་སླར་གསོ་བྱ་བའི་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།
2020.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ལས་ཐོན་སླར་གསོ་བྱ་བའི་རྟོག་ཞིབ་ཚན་ཁག་གིས་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་རྟོག་ཞིབ་ཚན་ཁག་ལ་ཐུག་འཕྲད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་གཏམ་བཤད། རྟོག་ཞིབ་ཚན་ཁག་གི་ཚན་གཙོ། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལུང་ཀོ་ཆང་ཚོགས་འདུར་ཞུགས་ནས་གཏམ་བཤད།

ལུང་ཀོ་ཆང་གིས་མཚོ་སྔོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བཏང་བ་ལས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ་བསྟན་དོན། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་རྩ་བའི་ཁྲིད་སྟོན་དུ་བརྩིས་ནས། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་བརྩི་སྲུང་མཐའ་གཅིག་ཏུ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱས་ནས། སྔ་ཙམ་དང་ཚང་མ། གནད་འཁེལ། ཡོངས་སུ་འཁྱོལ་བ། མྱུར་མགྱོགས་བཅས་ཀྱི་ཁྱད་ཆོས་མངོན་ཅི་ཐུབ་བྱས་ནས། རིམས་ནད་ལས་རྣམ་པར་རྒྱལ་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་ལ་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ཡོད། རྟོག་ཞིབ་ཚན་ཆུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་གཅིག་གྱུར་བླང་བྱ་གཞིར་བཟུང་ནས། གནས་ཚུལ་ཤེས་རྟོགས་གཏིང་ཟབ་དང་། བསམ་འཆར་དང་གྲོས་འགོར་ཉན་པ། ལས་ཀའི་ཁྲོད་གནས་པའི་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་རོགས་བྱེད་པ། དཔེ་མཚོན་གྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན་ཟེར།

ལིག་ཉིང་གིས་རྟོག་ཞིབ་ཚན་ཁག་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་ཐུགས་རྗེ་ཞུས་རྗེས་བཤད་རྒྱུར།  རིམས་ནད་སྔོན་འགོག་ཚོད་འཛིན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་འདིར། ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་རྟོག་ཞིབ་ཚན་ཁག་མཚོ་སྔོན་དུ་ཕེབས་ནས། མཚོ་སྔོན་ཞིང་ཆེན་གྱི་ལས་ཐོན་སླར་གསོའི་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ་དེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཐོན་སླར་གསོའི་བྱ་བར་ཚད་མཐོའི་མཐོང་ཆེན་དང་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་བ་མཚོན་ཐུབ། ས་གནས་དང་སྡེ་ཁག་སོ་སོས་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ནས་འགྲེང་སྟེ་རྟོག་ཞིབ་ལས་དོན་ཡག་པོར་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་དབྱང་གི་བླང་བྱ་ལྟར་ལས་ཐོན་སླར་གསོའི་བྱ་བ་ཡག་པོར་སྒྲུབ་པའི་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ་བཅས་བྱས་ཏེ། རྟོག་ཞིབ་ཚན་ཁག་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་ནས། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གཞོགས་འདེགས་དང་མཐུན་སྦྱོར་འགན་ལེན་གྱི་ལས་དོན་ཁག་ཡག་པོར་བསྒྲུབས་ནས། གནས་ཚུལ་སྙན་ཞུ་ཁྱོན་ཡོངས་དང་གནད་ལ་འཁེལ་བར་བྱེད་པ་དང་། དཔྱད་ཡིག་མཁོ་འདོན་བྱེད་པ། དཀའ་ངལ་ཡོད་པའི་གནད་དོན་དངོས་ཐོག་བདེན་འཚོལ་བྱེད་པ། ལས་ཀ་དང་འཚོ་བར་འགན་ལེན་ཞིབ་ཚགས་བྱེད་པ་བཅས་བྱས་ཏེ། རྟོག་ཞིབ་ལས་དོན་བདེ་ལེགས་ངང་སྤེལ་ཐུབ་པར་བྱེད་དགོས། རྟོག་ཞིབ་ཚན་ཁག་གིས་བཏོན་པའི་མཛུབ་སྟོན་བསམ་འཆར་དང་ལས་ཀའི་བླང་བྱ་གསེད་བཀྲོལ་ནན་ཏན་བྱེད་པ་དང་། འགན་འཁྲི་ཇེ་དམ་དུ་གཏོང་བ། ལྷོད་གཡེང་དུ་མི་གཏོང་བ། འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ། ཁྱོན་ཡོངས་ནས་ཞན་ཆ་གསབ་པ་དང་ལས་གཞི་གཉོམ་ཞན་ཅན་སྔར་ལས་ཇེ་དྲག་ཏུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་ལས་ཐོན་སླར་གསོ་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་དོན་གནས་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལིས་ཅེ་ཞང་དང་ཁོང་ཡུང་། ཝང་ལིས་མེན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།