ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་སློབ་ཁྲིད་བྱེད་སྐབས་མགོ་ཁྲིད་ལས་བྱེད་པས་རང་གི་བསམ་གཞིག་བྱེད་སྟངས་ཧུར་ཐག་གིས་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན།
2020.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ3པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དཔྱིད་དུས་སློབ་སྐབས་མགོ་བརྩམས་ནས་གཟའ་འཁོར་གཅིག་འགོར་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་སློབ་གྲྭའི་རིག་གཞུང་སྙན་ཞུ་ཚོམས་ཆེན་ནས། མགོ་ཁྲིད་ལས་བྱེད་པའི་བསམ་གཞིག་བྱེད་སྟངས་ཀྱི་ཆེད་དོན་ལ་དམིགས་ཏེ། ཏང་གི་སློབ་ཁྲིད་ཀྱི་རྣམ་པས་འཛིན་གྲྭ་ཁ་ཤས་ཀྱི་སློབ་མ་དང་དགེ་རྒན་རྣམས་ལ་བརྗེ་རེས་ཟབ་མོ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཡུས་ཡན་གྱིས་མགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་ཐོག་མར་འཛིན་གྲྭ་སོ་སོའི་སློབ་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབོད་སྐུལ་དང་དུ་བླངས་ནས། བསམ་བློའི་རྣམ་པ་བཟང་བོས་རིམས་ནད་འགོག་རྒོལ་གྱི་མི་དམངས་ཀྱི་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཀྱི་རླབས་ཆེན་འཐབ་རྩོད་ཁྲོད་ཞུགས་ཏེ། རིམས་འགོག་གི་ཐོག་མའི་རྒྱལ་ཁ་བླངས་པར་འཚམས་འདྲི་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རིམས་ནད་འགོག་སྡོམ་ཡང་བསམ་གཞིག་བྱེད་སྟངས་ཐད་ཀྱི་ཚོད་བགམ་ཆེན་པོ་ཞིག་ཡིན་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ལག་བསྟར་གྱི་ཕན་ཐོགས་ཆེ་བའི་ཐབས་ཤེས་གསར་བ་དང་རྙིང་བ། དྲག་པོ། གཉོམ་པོ་ཧ་ཅང་མང་བོ་བཀོལ་ལ། ཐབས་ཤེས་དེ་དག་ཚང་མ་ཚན་རིག་གི་བསམ་གཞིག་བྱེད་སྟངས་ལས་བྱུང་བ་རེད། ད་ལོར་བརྒྱ་ལོ་དང་བོའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་དང་། ང་ཚོ་ད་དུང་བརྒྱ་ལོ་གཉིས་པའི་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པས། ཚན་རིག་གི་བསམ་གཞིག་བྱེད་སྟངས་ཀྱི་ལྡེ་མིག་འདི་བཀོལ་སྤྱོད་བཟང་བོ་བྱེད་དགོས། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར། འཕེལ་རྒྱས་བཅས་ལ་ད་ལྟའི་གྲུབ་འབྲས་འདི་ལྟ་བུ་ཐོབ་ཡོད་ལ། མའོ་ཙེ་ཏུང་གི་དགོངས་པ་དང་། ཏིན་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་ནི། ཀྲུང་གོའི་རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པས་ལག་ལེན་དང་བསམ་གཞིག རྒྱུས་ལོན། གསརགཏོད་བཅས་ཀྱི་ཁྲོད་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་འདོན་སྤྲོད་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགུལ་སྐྱོད་ཀྱི་མཛུབ་སྟོན་ཡིན། འགུལ་སྐྱོད་ཀྱི་མཛུབ་སྟོན་འདིས་ཚན་རིག་གི་བསམ་གཞིག་བྱེད་སྟངས་མཚོན་ལ། འདི་ནི་ཁྱོན་ཡོངས་ལ་སྣེ་ཁྲིད་པ་དང་། རླབས་ཆེན་བྱ་གཞག་གསར་གཏོད་བྱེད་པ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་བསམ་པ། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བཅས་ཀྱི་ཕྱོགས་སྟོན་ཡིན་པས། མགོ་ཁྲིད་ལས་བྱེད་པས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཐག་གཅོད་པ། དོན་དག་སྒྲུབ་པ་བཅས་ཀྱི་ཐད་རང་རྟོགས་ཀྱིས་བཀོལ་སྤྱོད་བྱེད་དགོས་པའི་བསམ་གཞིག་བྱེད་སྟངས་ཡིན་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པ་དང་ནུས་པ་ཆེ་བ་ནི་བསམ་གཞིག་བྱེད་སྟངས་དང་འབྲེལ་བ་ཡོད། ཆབ་སྲིད་བསམ་གཞིག་ནི་བསམ་གཞིག་དང་བོ་ཡིན་ཏེ། འདུ་ཤེས་བཞི་ཇེ་ཆེར་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ་བཅས་ནི་ཆབ་སྲིད་བསམ་གཞིག་ལ་བརྟག་བཤེར་བྱེད་པའི་ཐབས་ཤེས་ཡིན་པས། གནད་དོན་ལ་རྟོག་དཔྱོད་དབྱེ་ཞིབ་བྱེད་སྐབས་ཆབ་སྲིད་རྒྱུ་རྐྱེན་ལ་བསམ་བློ་གཏོང་བ་དང་། དོན་དག་ཐག་གཅོད་སྐབས་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། གནད་དོན་ཐག་གཅོད་སྐབས་ཆབ་སྲིད་ཀྱི་ཉེན་ཁ་འགོག་པ་བཅས་བྱེད་དགོས། དཔལ་འབྱོར་བསམ་གཞིག་ནི་བསམ་གཞིག་གལ་ཆེན་ཡིན་ཏེ། གནད་དོན་བཙལ་བ་དང་གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་སྐབས་བཅས་སུ་ཕན་འབྲས་ཀྱི་འདུ་ཤེས་དང་མ་རྩའི་ལྟ་བ་ཇེ་དྲག་ཏུ་བཏང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཙུགས་ཏེ། གསར་གཏོད་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྐྱེད་པ་དང་། མཐུན་སྦྱོར་གྱིས་འཕེལ་རྒྱས་ཀྱི་འབྲེལ་བར་གཅིག་འདོམས་བྱེད་པ། ལྗང་མདོག་གིས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ། སྒོ་འབྱེད་ཀྱིས་འཕེལ་རྒྱས་ཀྱི་ཕྱི་ནང་མཉམ་སྦྲེལ་ལ་ཡར་སྐུལ་བྱེད་པ། མཉམ་སྤྱོད་ཀྱིས་འཕེལ་རྒྱས་འདྲ་མཉམ་དྲང་བདེན་མངོན་འགྱུར་བྱེད་པ་བཅས་བྱེད་དགོས། རིག་གནས་བསམ་གཞིག་ནི་རྩ་བའི་བསམ་གཞིག་ཡིན་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། དུས་རབས་འབྱེད་པའི་བསམ་བློའི་དཔལ་འབར་དང་སྙིང་བཅུད་གཅིག་བསྡུས་ཀྱི་སྔོན་ཐོན་རིག་གནས་ཡིན་པས། སློབ་རྟོགས་དད་སྤྱོད་ངོ་མ་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། བྱ་བར་སྐུལ་འདེད་བཏང་སྟེ། བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་ཇེ་བརྟན་དུ་གཏོང་དགོས། སྤྱི་ཚོགས་བསམ་གཞིག་ནི་གཞི་རྩའི་བསམ་གཞིག་ཡིན་ཏེ། མིས་སྤྱི་ཚོགས་ཁྲོད་དུ་འཚོ་བ་རོལ་ན། མི་ཚུལ་ལྡན་ཞིག་བྱེད་པ་ནི་གཞི་རྩ་ཡིན་པས། མི་ཞེས་པའི་ཡིག་འབྲུ་འདི་མཐོ་རུ་འདེགས་དགོས། དོན་དག་སྒྲུབ་པ་ནི་རང་སྐལ་ཡིན་པས། དོན་དག་མང་ཙམ་སྒྲུབ་པ་དེ་མི་ཚེའི་འཚོལ་སྙེག་ཏུ་འཛིན་དགོས། དཔོན་པོར་གྱུར་པ་ནི་བསོད་བདེ་ཡིན་པས། དམངས་ལ་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཡོད་པ་ནི་མགོ་ཁྲིད་ལས་བྱེད་པའི་ཆེས་ཆེ་བའི་བསོད་བདེ་ཡིན། སྐྱེ་ཁམས་བསམ་གཞིག་ནི་ཕྱི་ཡུལ་གྱི་བསམ་གཞིག་ཡིན་ཏེ། རང་བྱུང་སྐྱེ་ཁམས་བཟང་ན་སྐྱེ་འགྲོ་མཐའ་དག་སྐྱེ་འཚར་འབྱུང་ཐུབ་པས། སྐྱེ་ཁམས་བསམ་གཞིགས་བཀོལ་ནས་ང་ཚོའི་ཁྱིམ་གཞིས་སྲུང་སྐྱོབ་བཟང་བོ་བྱེད་དགོས། སྤྱི་ཚོགས་སྐྱེ་ཁམས་བཟང་ན་སྤྱི་དམངས་ལ་ཡ་རབས་ཀུན་སྤྱོད་ཡོད་པས། བློ་སྦྱོང་དང་རང་རྟོགས། སྡོམ་གཅུན། གཤིས་བཟང་བཅས་ལ་བརྟེན་ནས་སྤྱི་ཚོགས་སྐྱེ་ཁམས་དང་སྤྱི་ཐུན་དཔལ་ཡོན་གྱི་མེ་ལོང་གཙང་མར་འབྱིད་དགོས། ཆབ་སྲིད་སྐྱེ་ཁམས་བཟང་ན་ལས་བྱེད་པ་འཚར་ལོངས་འབྱུང་ཐུབ་པས། ཆབ་སྲིད་སྐྱེ་ཁམས་ཀྱི་སྔོ་ལྗང་རི་བོ་རྟག་ཏུ་བརྟན་ཞིང་དྭངས་གཙང་ཆུ་མོ་གཏན་དུ་འབབ་པར་བྱེད་དགོས། ལམ་ལུགས་བསམ་གཞིག་ནི་བཅོས་སྐྱོང་གི་བསམ་གཞིག་ཡིན་ཏེ། ལམ་ལུགས་འཇིགས་བཀུར་དང་སྒྲིག་སྲོལ་བརྩི་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ལམ་ལུགས་སེམས་གཏིང་ནས་ཁས་ལེན་པ་དང་ལྷག་བསམ་རྣམ་དག་གིས་ལམ་ལུགས་ལ་དད་གུས་བྱེད་པ། ཁྲིམས་ལྟར་དོན་དག་སྒྲུབ་པ་དང་ལམ་ལུགས་ལྟར་དོན་དག་སྒྲུབ་པ། བརྒྱུད་རིམ་ལྟར་དོན་དག་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་ལ་རང་རྟོགས་ཀྱིས་གུས་བཀུར་བྱེད་པ་དང་། ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ལམ་ལུགས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་མིག་དཔེ་བྱེད་དགོས་ཟེར།

སློབ་ཁྲིད་བྱེད་སྐབས། ཝང་ཅན་ཅུན་གྱིས་སློབ་མ་རྣམས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཞི་རིམ་དུ་བསྐྱོད་པའི་ཤེས་ལྡན་མི་སྣ་ནས་མི་དམངས་ཀྱི་གཙོ་འཛིན་དུ་གྱུར་པ་དང་། རུ་ཆེན་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ནས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རུ་གྱུར་པ། སྤྱི་དམངས་ཕལ་བ་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རུ་གྱུར་པ། སྤྱིར་བཏང་གི་དམག་དཔོན་ནས་དམག་ཨུའི་ཀྲུའུ་ཞི་རུ་གྱུར་པ་བཅས་ཀྱི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་ཕྱིར་ལྟ་བྱས། ཁོས་བཤད་རྒྱུར། ཚན་རིག་གི་བསམ་གཞིག་བྱེད་སྟངས་ནི་སྐྱེས་མ་ཐག་ནས་ཡོད་པ་ཞིག་མིན་པར་རང་གི་འབད་བརྩོན་ལ་བརྟེན་དགོས་པས། སློབ་སྦྱོང་གཙིགས་སུ་འཛིན་པ་དང་སློབ་སྦྱོང་བྱེད་མཁས་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྟར་དུ་ལུས་སེམས་གཞི་རིམ་ལ་འབུལ་དགོས། བློ་སྦྱོང་གཙིགས་སུ་འཛིན་པ་དང་ཚེ་གང་བོར་བློ་སྦྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྟར་དུ་རང་ཉིད་སེམས་ནས་དོར་ཏེ་མི་དམངས་སེམས་སུ་བརྟན་པོར་འཛིན་དགོས། གསར་གཏོད་གཙིགས་སུ་འཛིན་པ་དང་གསར་གཏོད་ལ་སྐུལ་འདེད་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྟར་དུ་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱེད་དགོས། འཐབ་རྩོད་གཙིགས་སུ་འཛིན་པ་དང་འཐབ་རྩོད་བྱེད་ཕོད་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལྟར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པར་བྱེད་དགོས་ཟེར།


ཕྱུག་ལོས་བསྒྱུར།