ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་བརྗེ་རེས་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།
2020.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 70

ཟླ་དྲུག་པའི་ཚེས་དྲུག་ཉིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མཱ་ཐེན་ལིས་སོགས་ཀྱིས་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་འགོ་མཛིན་བྱས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས།

མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། བོད་ཁུལ་རྒྱུན་མཐུད་ངང་འཆམ་མཐུན་གཏན་འཇགས་སུ་གཏོང་བའི་ཕྱོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་ཉན་རྗེས། མཱ་ཐེན་ལིས་ཀྱིས་མཚོ་སྔོན་མི་རིགས་ཆོས་ལུགས་དང་བོད་ཁུལ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཀན་སུའུ་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་དང་ཉམས་མྱོང་བྱེད་ཐབས་ངོ་སྤྲོད་བྱས་པ་མ་ཟད། ཞིང་ཆེན་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྐྱེན་སྲོལ་ལག་བསྟར་བྱེད་པ་དང་། དགེ་མཚན་ཁ་གསབ་བྱེད་པར་ཤུགས་སྣོན་པ། མཉམ་སློབ་མཉམ་ཞིབ་དང་མཉམ་སྡོམ་མཉམ་སྐྱོང་། མཉམ་འཛུགས་མཉམ་འགོད་གཏིང་ཟབ་ཏུ་སྤེལ་བ། མཉམ་ལས་བར་སྟོང་རྒྱ་སྐྱེད་པ། མི་རིགས་ཆོས་ལུགས་དང་བོད་ཁུལ་བྱ་བ་བཟང་བོར་བསྒྲུབ་པའི་ཆུ་ཚད་མཐོར་འདེགས་གཏོང་བ། མ་ལག་རང་བཞིན་དང་ཕྱོགས་ཡོངས་མཉམ་ལས་ལ་ཤུགས་བསྣན་ནས། ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཚུལ་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རི་ཆུ་འདྲེས་ཤིང་དཔལ་འབྱོར་མཉམ་བསྲེས་བྱས་ཡོད་ལ། དམངས་སྲོལ་གཅིག་འདྲ་ཡིན་ལ། མི་རིགས་ཆོས་ལུགས་དང་བོད་ཁུལ་བྱ་བའི་ཕྱོགས་ནས་ཁྱད་ཆོས་གཅིག་འདྲ་མང་པོ་ཡོད་ལ། ཞིང་ཆེན་གཉིས་ཀྱིས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་པ་དང་མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་བྱས་ལ། གནད་དོན་ཐག་བཅད་དེ། ཁུལ་ཁོངས་མཉམ་ལས་ཀྱི་སྣང་ཚུལ་བཟང་བོ་དང་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས་ཟེར། མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་། ཀན་སུའུ་དང་མཚོ་སྔོན་གཉིས་ཀྱི་མཉམ་ལས་སྒྲོམ་གཞི་གྲོས་མཐུན་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་མཉམ་འཛུགས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཆོས་ལུགས་བྱ་བའི་མཉམ་ལས་མཉམ་སྡོམ་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་བཅོས་སྐྱོང་མཐུན་སྦྱོར་མཉམ་ལས་ཤུགས་བསྣན་ནས། ཞིང་ཆེན་གཉིས་ཀྱི་དངོས་གཉེར་བརྗེ་རེས་མཉམ་ལས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།