མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2020.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 85

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ལ། འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་འགོག་པ་དང་གནོད་སྐྱོན་སེལ་བའི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས་ཉེན་ཁའི་འདུ་ཤེས་དྲག་པོ་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མངོན་པར་བྱས་ནས། ཆུ་ལོག་འགོག་པ་དང་གནོད་སྐྱོན་སེལ་བའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། བསམ་བློའི་སྟེང་ཧ་ཅང་མཐོང་ཆེན་བྱེད་པ་དང་སྔོན་འགོག་གཙོར་འཛིན་པ་དང་གྲ་སྒྲིག་བཟང་བོ་བྱེད་དགོས། ཆར་འབབ་ཚད་དང་ཆུ་རྒྱས་ཚད་ལ་ལྟ་ཞིབ་བཟང་བོ་བྱེད་པ་དང་། དུས་ཐོག་ཏུ་ཉེན་ཁའི་སྔོན་བརྡ་ཡང་དག་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཆོད་འདོན་པའི་ཐད་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས། ཆུ་ལོག་གི་གནོད་པ་འགོག་པ་དང་། ལྷག་པར་དུ་ཆུ་མཛོད་ཀྱི་ཉེན་ཁ་རྟོག་སེལ་དང་བཅོས་སྐྱོང་བྱས་ཏེ། བདེ་འཇགས་ངང་ཆུ་ལོག་རྒྱས་པའི་དུས་ལས་བརྒལ་བར་ཁག་ཐེག་བྱེད་དགོས། འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་འགན་བརྟན་སྲུང་བྱེད་པ། ཆུ་ལོག་སྔོན་འགོག་བྱེད་པ། གནོད་སྐྱོབ་བཟང་བོ་བྱས་ཏེ། གནོད་འཚེ་ཆེན་པོ་མི་འབྱུང་བར་ཁག་ཐེག་བྱེད་དགོས་པ་དང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རྣམ་པས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་གཏན་ཁེལ་བྱེད་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལམ་ལུགས་ལྟར་ཏང་བཅོས་སྐྱོང་བྱེད་པ་དང་། ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཡིན། ཏང་ཨུས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ཟབ་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ནི། ཆབ་སྲིད་ཀྱི་དགོས་མཁོ་དང་ཁྲིམས་བཀོད་འགན་འཁྲི་ཡིན་པས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། འགན་འཁྲིའི་གསལ་ཁྲ་དེ་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། དུས་ཐོག་ཏུ་ཁ་གསབ་འཐུས་ཚང་དུ་གཏོང་བ་དང་། སློབ་སྦྱོང་དང་དྲིལ་སྒྲོག སྐུལ་འདེད་དང་ཞིབ་བཤེར་ལ་ཤུགས་སྣོན་པ། གཙོ་གཞིའི་འགན་འཁྲིའི་རང་རྟོགས་རང་བཞིན་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ནི་ཏང་གི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་། ཏང་ལ་དོ་དམ་བྱེད་པའི་འདུ་ཤེས་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ནང་དོན་གཙོ་བོ་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་ནམ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་སྣེ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྐད་ཆ་དྲང་མོར་བཤད་པ་དང་གནས་ཚུལ་ངོ་མ་གསལ་སྟོན་བྱེད་པ། དྲིལ་སྒྲོག་གིས་སྣེ་ཁྲིད་བྱེད་པ། བརྗེ་རེས་བཟང་བོ་བྱེད་པ། སྒྲིག་ལམ་གྱིས་ཚོད་འཛིན་བྱེད་པ། གཡུལ་ས་བརྟན་སྲུང་བྱེད་པ། དབྱངས་རྟ་གཙོ་བོ་དར་སྤེལ་གཏོང་བ། དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བསམ་བློའི་འགན་སྲུང་དང་བསམ་པའི་སྟོབས་ཤུགས་དྲག་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྲ་བརྟན་དུ་གཏོང་བ་དང་རྒྱུན་འཁྱོངས་བྱེད་དགོས། བདེན་འཛིན་གསར་གཏོད་བྱེད་པ་དང་བབ་བསྟུན་མདུན་སྐྱོད་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས། དཔེ་མཚོན་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། རྒྱུན་དུ་དམ་འཛིན་དང་བཅོས་སྒྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་ཕན་འབྲས་བླངས་ནས། བརྗོད་དོན་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན། ལམ་ལུགས་ཅན་དུ་བསྒྱུར་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།