ཞིན་ཁྲང་ཞིང་གིས་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀྱི་ཏུང་ཧྲི་ཀྲང་ཐང་ཕུའུ་ཕིང་ལ་ཐུག་འཕྲད་བྱས།
2020.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་དུ་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཐང་ཕུའུ་ཕིང་ལ་ཐུག་འཕྲད་བྱས།

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅན་ཅུན་བཅས་ཀྱི་ཚབ་བྱས་ནས། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀྱིས་འཛམ་གླིང་གི་རྩེར་སོན་ལྕགས་རིགས་གཏེར་རྫས་ཁེ་ལས་སྡེ་ཚོགས་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་ནས། ཐོན་ཁུངས་འགན་སྲུང་གཙོ་ཤུགས་དམག་དང་བཙོ་སྦྱངས་འཛུགས་སྐྲུན་རྒྱལ་ཁབ་རུ་ཁག ཐོན་ལས་ཕྱོགས་བསྡུས་ཞབས་ཞུའི་ཚོང་དོན་བཅས་འཐབ་ཇུས་ཀྱི་གནས་ཐིག་ཏུ་བྱས་ཏེ། རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པར་ནུས་པ་གལ་ཆེན་བཏོན་པར་མ་ཟད། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད། མིག་སྔར་མཚོ་སྔོན་གྱིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀྱིས་ད་ཡོད་ཀྱི་མཉམ་ལས་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་དུ། ལག་རྩལ་དང་ཤེས་ལྡན་མི་སྣ། མ་དངུལ་སོགས་ཀྱི་ལེགས་ཆ་སྔར་ལས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཟེར།

ཐང་ཕུའུ་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་མཚོ་སྔོན་ནས་འཕེལ་རྒྱས་སུ་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་རྗེས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་ལས་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་གཏེར་ལྔའི་སྡེ་ཚོགས་མཚོ་སྔོན་གྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བཅས་ཀྱི་ཁྲོད་དུ་ཧུར་ཐག་གིས་ཞུགས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།