ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་རང་ཞིང་གི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་དང་མཐོ་རིམ་སློབ་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱིས་མཐོ་རིམ་སློབ་གསོའི་ཐད་བཏོན་པའི་རེ་བ་གསར་བ་དང་། མི་དམངས་མང་ཚོགས་ཀྱིས་སྤུས་ལེགས་མཐོ་རིམ་སློབ་གསོ་དང་ལེན་བྱེད་པའི་རེ་བ་གསར་བ་ལྟར། ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པ། ཤེས་ལྡན་མི་སྣའི་སྐྱེད་སྲིང་སྤུས་ཚད་མཐོར་འདེགས་གཏོང་བ། མཐོ་རིམ་སློབ་གསོའི་ཁྱབ་ཁོངས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་ཀྱི་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བཟང་བོ་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་གྱི་མཐོ་རིམ་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།
ཞིན་ཁྲང་ཞང་སྔ་གཞུག་ཏུ་མཚོ་སྔོན་སློབ་ཆེན་ཁུ་ནུ་སློབ་གླིང་དང་ཟི་ལིང་སློབ་ཆེན་ལས་གཞི་འཛུགས་སྐྲུན་ས་གནས། མཚོ་སྔོན་སློབ་གསོ་ཁུལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། ཁུ་ནུ་སློབ་གླིང་གི་བཅོས་བསྒྱུར་དང་ཟི་ལིང་སློབ་ཆེན་གྱི་ལས་གཞི་འཆར་འགོད་འཛུགས་སྐྲུན་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས། མཚོ་སྔོན་སློབ་ཆེན་དུ། ཞིན་ཁྲང་ཞིང་བོད་ལུགས་གསོ་རིག་སློབ་གླིང་དང་ཞིང་ཆེན་དང་པུའུ་ཡིས་མཉམ་དུ་འཛུགས་སྐྲུན་བྱེད་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་གི་ཞིང་ཕྱུགས་ལས་རྒྱལ་ཁབ་ཚོད་ལྟ་ཁང་ལ་སོང་ནས། བོད་ལུགས་གསོ་རིག་གི་ཁྱད་ཆོས་བསླབ་ཚན་འཕེལ་རྒྱས་དང་ཚན་རིག་ཞིབ་འཇུག་གནས་ཚུལ་ལ་རྟོག་ཞིབ་བྱས་རྗེས། འགོ་མཛིན་བྱས་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་མཐོ་རིམ་སློབ་གྲྭ་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཞིན་ཁྲང་ཞིང་གིས་མཚོ་སྔོན་སློབ་ཆེན་གྱི་ཉེ་བའི་ལོ་འགའི་རིང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། བོད་ལུགས་གསོ་རིག་སློབ་གླིང་གིས་མི་རིགས་ས་ཁུལ་དུ་རྐང་འཛུགས་པ་དང་ས་དེའི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་དམིགས་ནས། སྔོན་ཆད་ཀྱི་ཞིབ་འཇུག་གི་རྨང་གཞིའི་སྟེང་འཁྱག་ས་ཞིབ་འཇུག་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་བརྗོད་གཞི་གལ་ཆེན་སྤེལ་ནས། འཛམ་གླིང་སྟེང་གི་ཆེས་བཟང་བའི་བསླབ་ཚན་འཛུགས་སྐྲུན་བྱེད་དགོས་ཟེར།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་རུ་བསྐྱོད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ན། ཤེས་ལྡན་མི་སྣའི་དགོས་མཁོ་སྔར་ལས་འབུར་ཐོན་དང་ཁ་ཚ་དགོས་གཏུག་ཡིན་པས། མིག་སྔར་རྐང་འཛུགས་པ་དང་ཡུན་རིང་འཆར་འགོད་བྱེད་པ་དང་། མཚོ་སྔོན་སློབ་ཆེན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། སྤུས་ལེགས་་གཉིས་ཀྱི་འཛུགས་སྐྲུན་བྱེད་པ། སློབ་གསོ་དང་ཚན་རིག་ཞིབ་འཇུག་གི་སྤུས་ཚད་མཐོར་འདེགས་གཏོང་བ། པུའུ་དང་ཞིང་ཆེན་གྱི་མཉམ་འཛུགས་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ། དགེ་མཚན་བསླབ་ཚན་དང་གཙོ་ཁྲིད་ཐོན་ལས་ཀྱི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྒྲིག་བཟོ་བྱ་བར་དམ་འཛིན་བྱས་ཏེ། སློབ་གྲྭ་ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོ་བའི་དེང་རབས་སློབ་ཆེན་དུ་འཛུགས་སྐྲུན་བྱེད་དགོས། སྤུས་ཚད་མཐོན་པོས་མཐོ་རིམ་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། སྔར་ཡོད་མཐོ་རིམ་སློབ་ཆེན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་དགོས། ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱ་བ་སྤེལ་བ་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། རིགས་མི་འདྲ་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་འཆར་འགོད་བྱེད་པ། ཐོན་སློབ་མཉམ་བསྲེས་གཏིང་ཟབ་ཏུ་སྤེལ་ནས། ཟི་ལིང་སློབ་ཆེན་དང་མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་དང་སློབ་གསོ་ཚན་རིག་གསར་གཏོད་ཁུལ་བཅས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་ཐུབ་པར་བྱེད་དགོས་ཟེར།
ཁོང་ཡུང་དང་དབྱང་ཀྲི་ཝུན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།