ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས།
2021.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་སྔོན་གནང་བའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་། ལག་བསྟར་དང་དངོས་འབེབས་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཡང་བསྐྱར་སློབ་སྦྱོང་དང་གྲོས་སྡུར་བྱས། ཚོགས་ཐོག་ནས་བསྟན་དོན། རྒྱུན་མཐུད་སྒོས་སློབ་སྦྱོང་ནན་མོ་བྱེད་པ་དང་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏན་ཏིག་སྒོས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་ཉེན་ཁ་གཙོ་བོར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བའི་རྣམ་བཤད་གལ་ཆེན་སྐོར་གྱི་བརྗོད་བྱའི་སྙིང་བོ་གསལ་པོར་ཤེས་པར་བྱས་ཏེ། བྱ་བའི་ཆབ་སྲིད་རང་བཞིན་དང་ཚན་རིག་རང་བཞིན། ཕན་ནུས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་ཚད་མཐའི་བསམ་ཕྱོགས་ཇེ་དྲག་ཏུ་གཏོང་བར་མ་ཟད། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཞིབ་འཇུག་དང་བསམ་ཕྱོགས་ཟབ་མོ་གཏོང་བ་དང་བྱ་བའི་བྱེད་ཐབས་ཞིབ་ཕྲ་སྒོས་གཏན་འཁེལ་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་དངོས་འབེབས་བྱེད་ཆོག་པའི་བྱེ་བྲག་གི་དོན་དངོས་རེ་རེར་བསྒྱུར་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཚོགས་འདུ་ཐེངས་སོ་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་མཐོ་རིམ་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཚོགས་ཐོག་ནས་བསྟན་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ནན་ཏན་སྒོས་ལག་ལེན་བྱས་ཏེ། གནས་བབ་གསར་པའི་འོག་གི་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱེད་དགོས་ལ།  གོ་རིམ་ལྡན་པར་བཅོས་སྐྱོང་དང་ཕྲེང་འབྲེལ་འགོག་སྲུང་སོགས་ལས་འགན་གཙོ་བོ་དམ་འཛིན་བྱེད་པ་དང་། མཐུན་སྦྱོར་རྐྱེན་སྲོལ་ཆ་ཚང་དུ་བཏང་ནས། རང་ཞིང་གི་སྐྱེ་དངོས་བདེ་འཇགས་ཉེན་ཁའི་འགོག་སྲུང་དང་བཅོས་སྐྱོང་མ་ལག་གི་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་ཁྱབ་སྒྲོག་བྱས་པའི་གོ་སྐབས་དམ་དུ་བཟུང་སྟེ། བྱ་བའི་འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྒོ་བྱང་འགེལ་བ་དང་འཆར་འགོད་སྒྲིག་ལུགས་སོགས་ཀྱི་བྱ་བ་དམ་འཛིན་བྱེད་དགོས་པར་མ་ཟད། ཧུར་ཐག་བརྟན་བརླིང་དང་གོ་རིམ་ཡོད་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་ཕག་ལོའི་གསར་བརྗེ་ལོ་བརྒྱ་དང་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཚོགས་ཐོག་ནས་བསྟན་དོན། དུས་དང་རྣམ་པ་ཀུན་ཏུ་ལྕགས་ཕག་ལོའི་གསར་བརྗེ་ཡི་སྔོན་བྱོན་པའི་ལོ་རྒྱུས་བྱས་རྗེས་ཡིད་ལ་དམ་པོར་བཅངས་ཤིང་། ཤུགས་ཆེན་པོས་རླབས་ཆེན་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པའི་ཆབ་སྲིད་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཏང་གིས་ཁྱོན་ཡོངས་ལ་མགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་སྒོས་མཚོ་སྔོན་གྱི་དོན་དག་བཟང་པོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། རྒྱུན་མཐུད་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ་དང་ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་བྱེད་པར་ཡིད་འཇོག་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཏང་གཤིས་སྦྱོང་བརྡར་དང་དམངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་མངོན་པར་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་སྒོས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་དམ་འཛིན་བྱས་ཏེ། ཉིང་སྐྱུར་བརྟག་བཤེར་སོགས་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བ་དང་། འཕྲལ་བསྟུན་ཐག་གཅོད་ནུས་པ་ཇེ་ཆེར་བཏང་ནས། རིམས་ནད་འགོག་སྲུང་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ལིས་ཅེ་ཞང་དང་། ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཀྲང་ལིས། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧོང་ཡ་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།

                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།