ལིའུ་ཐོ་ཡིས་མགོ་འཛིན་བྱས་ཏེ་བརླན་ས་སྲུང་སྐྱོབ་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།
2021.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་མགོ་འཛིན་བྱས་ཏེ་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་བརླན་ས་སྲུང་སྐྱོབ་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བརླན་ས་བེད་སྤྱོད་དོ་དམ་ཚོད་འཛིན་ཚོད་ལྟའི་ལག་བསྟར་བྱེད་ཐབས་ལ་གྲོས་ཞིབ་བྱས་པར་མ་ཟད། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བཟང་བོ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་ནན་མོ་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་ཇེ་བརྟན་དུ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་བརླན་ས་ཆུ་ཚད་མཐོ་བའི་སྒོ་ནས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ལིའུ་ཐོ་ཡིས་བཤད་དོན། ཏང་ཀྲུང་དབྱང་གིས་བརླན་ས་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། བརླན་ས་སྲུང་སྐྱོབ་དང་སླར་གསོ་བྱེད་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཐབ་ཇུས་བཀོད་སྒྲིག་ཁྲོད་དུ་བཞག་ཡོད། མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་པས། བརླན་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་ནུས་པ་འགན་སྲུང་བྱེད་པའི་འདེགས་ཤུགས་གཙོ་བོ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བའི་ནུས་ལྡན་ཐབས་ལམ་ཡིན། བརླན་ས་སྲུང་སྐྱོབ་བྱེད་པའི་དོན་སྙིང་གལ་ཆེན་ངོས་འཛིན་གསལ་བོ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དང་ལེན་བྱེད་པ་དང་། འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་བཏང་ནས། བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་དང་དེ་མིན་སྐྱེ་ཁམས་མ་ལག་སྒྲིག་གཞི་དང་ནུས་པའི་ཆ་ཚང་རང་བཞིན་སྲུང་སྐྱོབ་བྱེད་དགོས།

ལིའུ་ཐོ་ཡིས་བསྟན་དོན། བརླན་སའི་སྲུང་སྐྱོབ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། བརླན་སའི་སྲུང་སྐྱོབ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པའི་གྲུབ་འབྲས་གཞི་གྲངས་དང་ཚད་གཞིར་བཟུང་སྟེ། བརླན་སའི་ཁྱབ་ཁོངས་ལེགས་སྒྱུར་དང་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། བརླན་ས་བེད་སྤྱོད་དང་འགོག་སྡོམ་ནན་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་གང་ལེགས་བྱས་ནས། ཆ་ཚང་ཞིང་བརྟན་འཇགས་ཡིན་པའི་བརླན་སའི་སྐྱེ་ཁམས་མ་ལག་གསར་སྐྲུན་བྱེད་དགོས། བརླན་ས་སྲུང་སྐྱོབ་རྨང་གཞིའི་འདེགས་ཤུགས་སྲ་བརྟན་དུ་གཏོང་བ་དང་། སྲིད་ཇུས་དང་བརྗོད་གཞིར་ཞིབ་འཇུག་གཏིང་ཟབ་བྱས་ནས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས། བརླན་སའི་རིམ་བགོས་དོ་དམ་འགན་འཁྲིའི་མ་ལག་ལག་བསྟར་ནན་མོ་བྱེད་པ་དང་། ཐུན་མོང་མ་ཡིན་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ཡུལ་ས་ཁུལ་གསར་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།