ད་ལྟ་གཟིགས་བཞིན་པ། > མདུན་ངོས། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

པ་ཀི་ཏའི་རྒྱལ་དམངས་གྲོས་ཁང་འདེམ་བསྐོའི་འདེམ་ཤོག་འཕེན་སྒམ་བཞག་ཡོད་པའི་མཛོད་ཁང་ལ་མེ་དགྲ་བྱུང་།

སྤེལ་དུས། 2018-06-12 07:46:22   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

 ཞིན་ཧྭ་གསར་འགྱུར་ཁང་གིས་པ་ཀི་ཏ་ནས་བསྒྲགས་པའི་གསར་འགྱུར། དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་ཚེས་བཅུ་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པ་ཀི་ཏའི་ཟླ་སྔོན་མའི་རྒྱལ་དམངས་གྲོས་ཁང་འདེམ་བསྐོའི་འདེམ་ཤོག་འཕེན་སྒམ་ཁ་ཤས་བཞག་ཡོད་པའི་མཛོད་ཁང་གསུམ་ལ་ཉིན་དེར་མེ་དགྲ་བྱུང་ཟེར།

དབྱི་རག་ནང་སྲིད་པུའུ་ཡི་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་རག་སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་པ་ཀི་ཏའི་གྲོང་ཁྱེར་དཀྱིལ་དབུས་སུ་ཡོད་པའི་མུ་འབྲེལ་གྱི་མཛོད་ཁང་གསུམ་ལ་ཚེས་བཅུ་ཉིན་གྱ་ཕྱི་དྲོར་མེ་དགྲ་བྱུང་བ་དང་། མཛོད་ཁང་དེ་དག་གི་ནང་དུ་པ་ཀི་ཏའི་ཏེ་ཀི་ལེ་སི་གཙང་བོའི་ཤར་འགྲམ་གྱི་ལུའུ་སཱ་ཧྥ་ས་ཁུལ་གྱི་འདེམ་བསྐོའི་འདེམ་ཤོག་འཕེན་སྒམ་དང་གློག་རྡུལ་རྩིས་ཆས་བཞག་ཡོད་ཟེར།

མི་དེས་བཤད་རྒྱུར། དུས་ཚོད་འགའི་རྗེས་སུ་མེ་གསོད་ཐུབ་པར་གྱུར་པ་དང་། བདེ་འཇགས་མི་སྣས་ཡུལ་དངོས་བཀག་སྡོམ་བྱས་པར་མ་ཟད་མེ་ཡིས་མ་འཚིགས་པའི་འདེམ་ཤོག་འཕེན་སྒམ་སྐོར་ཞིག་ཕྱིར་བླངས་ལ། མཐའ་འཁོར་གྱི་མེ་དགྲའི་གནོད་པ་མ་ཐེབས་པའི་མཛོད་ཁང་ནས་འདེམ་ཤོག་འཕེན་སྒམ་གཞན་པ་རྣམས་ཕྱིར་བླངས་པ་དང་། འདེམ་ཤོག་འཕེན་སྒམ་དེ་རྣམས་བདེ་འཇགས་ཡིན་སར་སྤར་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། མེ་དགྲ་བྱུང་བའི་མཛོད་ཁང་ནི་དབྱི་རག་ཉོ་འཚོང་པུའུ་ཡི་ཡིན་པ་དང་། སྒེར་ཚུགས་མཐོ་རིམ་འདེ་བསྐོ་ཨུ་ཡོན་ལྷན་ཁང་གིས་གླས་ནས་རྒྱལ་དམངས་གྲོས་ཁང་འདེམ་བསྐོའི་འདེམ་ཤོག་འཕེན་སྒམ་ཁག་ཅིག་དེའི་ནང་དུ་བཞག་ཡོད་ཟེར།

དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཟླ་དྲུག་པའི་ཚེས་དྲུག་ཉིན་འདེམ་ཤོག་འཕངས་ཏེ་གྲོས་ཁང་འདེམ་བསྐོའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གསུམ་པར་གྲོས་འཆམ་བྱུང་ནས། མིའི་ཐབས་ཀྱིས་འདེམ་ཤོག་བརྩི་བའི་རྣམ་པ་སྤྱད་དེ་རྒྱལ་དམངས་གྲོས་ཁང་སྐབས་གསར་པའི་འདེམ་བསྐོའི་འདེམ་ཤོག་ཡོངས་རྫོགས་ཡང་བསྐྱར་བརྩི་དགོས་པའི་རེ་བ་བཏོན།

དབྱི་རག་གིས་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་རྒྱལ་དམངས་གྲོས་ཁང་སྐབས་གསར་པའི་འདེམ་བསྐོ་བསྡུས། དབྱི་རག་སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། ཧྲི་ཡེ་ཕྱོགས་ཁག་གི་ཆོས་ལུགས་གཙོ་འཛིན་ས་ཏི་ཨར་གྱིས་འགོ་ཁྲིད་པའི་མདུན་སྐྱོད་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཁང་གི་གོ་གནས་སུམ་བརྒྱ་དང་ཉེར་དགུའི་ཁྲོད་དུ་གོ་གནས་ང་བཞི་ཐོབ་ནས། ཆབ་སྲིད་མནའ་འབྲེལ་གཞན་དག་ལས་རྒྱལ། འདེམ་བསྐོའི་མཇུག་འབྲས་བསྒྲགས་རྗེས། སྲིད་ཏང་དང་ཆབ་སྲིད་མནའ་འབྲེལ་མང་པོས་འདེམ་བསྐོའི་ཁྲོད་དུ་བྱ་སྤྱོད་རྫུན་མ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་འདུག་ཅེས་གཏུག་བཤེར་བྱས།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།ནོར་ནོར་བརྙན་འཕྲིན།ཡོངས་འཛིན་འཚོལ་བཤེར།