ན་ཆུང་གི་ལང་ཚོ་ལ་མི་རིགས་ཀྱི་རྒྱན་གོས་ཡག མཚར་སྡུག་གི་རྨི་ལམ་ལ་རེ་བ་ཡི་གཤོག་པ་མཛེས།
2020.08.18 ཁུངས། ཀློག་གྲངས། 2177

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།(གསར་འགོད་པ། ཐུབ་བསྟན།)   སྤྱི་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཨོ་ལོ་ཚོང་དོན་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་བྱས་པའི་ཨོ་ལོ་མི་རིགས་རྒྱན་གོས་བྱིས་པའི་ཤོམ་འགྲོ་འགྲན་སྡུར་སྐབས་གཉིས་པ་ཟི་ལིང་ཞིན་ཧྭ་ལིན་ཁུལ་གསར་ནས་བསྡུས་པ་དང་། ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དང་ཤོམ་འགྲོ་ལ་དགའ་མོས་ཡོད་པའི་ལྟད་མོ་བ་མང་པོ་འགྲན་སྡུར་གྱི་ཡུལ་དངོས་སུ་ཞུགས།

མདོ་འཛིན་པ།

དཔྱད་འདེམས་པ།

མཚོ་སྔོན་ཨོ་ལོ་ཚོང་དོན་ཚད་ཡོད་ཀུང་ཟིས་བྱིས་པའི་རྒྱན་གོས་ཀྱི་ཚོང་ལས་གཉེར་རྒྱུ་གཙོ་བོ་བྱས་ཐོག་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རྒྱན་གོས་རིག་གནས་ཀྱི་བརྡ་རྟགས་འདི་ལ་བརྟེན་ནས། མི་རིགས་ཀྱི་རིག་གནས་དྲིལ་སྒྲོག་དང་རྒྱུད་འཛིན་དར་སྤེལ་ལ་ཞབས་འདེགས་ཞུ་སླད། བོད་ཀྱི་བྱིས་པའི་རྒྱན་གོས་འགྲེམ་སྟོན་གྱི་ཤོམ་འགྲོ་འགྲན་སྡུར་ཞིག་གཞི་རྒྱ་ཆེ་བའི་སྒོ་ནས་ལོ་རེ་བཞིན་བསྟུད་མར་སྤེལ་ཏེ། བོད་ཀྱི་བྱིས་པའི་རྒྱན་གོས་ལ་འགྲེམ་སྟོན་གྱི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་ནས། བོད་ཀྱི་བྱིས་པའི་རྒྱན་གོས་དེང་རབས་ཅན་དང་འཛམ་གླིང་ཅན་དུ་ཁ་ཕྱོགས་པར་འབད་བརྩོན་བྱེད་བཞིན་ཡོད་ལ། ད་ལོའི་ཤོམ་འགྲོ་འགྲན་སྡུར་འདིའང་ལོ་སྔོན་མ་དག་འདྲ་བར་བྱིས་པའི་འཇོན་ནུས་སྐྱེད་སྲིང་དང་མི་རིགས་ཀྱི་རྒྱན་གོས་རིག་གནས་རྒྱུན་འཛིན་བྱས་ཐོག དེང་རབས་ཅན་གྱི་ཕྱོགས་སུ་འཕེལ་བར་འབད་པ་ལྷུར་ལེན་བྱ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ཡོད།

ཉིས་སྟོང་ཉི་ཤུ་ལོའི་ཨོ་ལོ་མི་རིགས་རྒྱན་གོས་ཀྱི་བྱིས་པའི་ཤོམ་འགྲོ་འགྲན་སྡུར་ལས་བསྐྱར་འགྲན་གྱི་འགྲན་རིམ་ལ་མཚོན་ན།འགྲན་ཞུགས་ཤོམ་པ་དག་གི་ལོ་ཡི་ཆེ་ཆུང་ལྟར། བྱིས་པ་ལོ་ཆུང་གི་སྐོར་དང་། བྱིས་པ་ལོ་འབྲིང་གི་སྐོར། བྱིས་པ་ལོ་ཆེ་བའི་སྐོར་བཅས་འགྲན་སྐོར་གསུམ་དུ་དབྱེ་ནས་འགྲན་སྡུར་ཐེངས་གཉིས་ལ་སྤེལ་ཞིང་། འགྲན་ཐེངས་དང་པོའི་སྐབས་སུ་མི་རིགས་ཀྱི་རྒྱན་གོས་གོན་པ་གྱོན་ནས་ཤོམ་ལ་སོང་བ་དང་། འགྲན་ཐེངས་གཉིས་པའི་སྐབས་སུ་དེང་རབས་ཀྱི་གོན་པ་གྱོན་ནས་ཤོམ་འགྲོ་བྱས། དཔྱད་འདེམས་པ་རྣམས་ཀྱིས་འདྲ་མཉམ་དང་དྲང་བདེན་སྒོས་འགྲན་ཞུགས་པའི་ལུས་ཀྱི་ཉམས་འགྱུར་དང་གོན་པ་གྱོན་སྟངས་སོགས་ལ་གཞིགས་ནས་སྐར་གྲངས་བྱིན་མཐར། འགྲན་ཞུགས་པ55ཡོད་པ་ལས་འགྲན་ཞུགས་པ30རྟིང་རྩོད་འགྲན་སྡུར་དུ་ཚུད། རྟིང་རྩོད་འགྲན་སྡུར་དེ་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ཧོང་ཀྲུང་ས་ཁུལ་དུ་བསྡུ་རྒྱུ་རེད།