གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ༼ ཐུབ་བསྟན། ཐུབ་བསྟན་རྡོ་རྗེ ༽ སྤྱི་ཟླ12པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་རིག་རྩལ་སློབ་གླིང་གི་སློབ་མ་རིན་ཆེན་སྐྱིད་ཀྱི་མི་སྒེར་གླུ་གཞས་ཆེད་ཚོགས་མཚོ་སྔོན་ཞིང་ཆེན་རིག་རྩལ་སློབ་གླིང་དུ་འཚོགས་པ་དང་། ཆེད་ཚོགས་ཀྱི་སྟེང་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན། ཁྱིམ་མི། སློབ་གྲོགས་སོགས་མི་བརྒྱ་ལྷག་ཞུགས་ཡོད།
ཁོ་མོས་ལོ་ངོ་གསུམ་གྱི་རིང་ལ་སློབ་གྲྭ་འདིར་གླུ་གཞས་སྒྱུ་རྩལ་གྱི་ཕྱོགས་ལ་འབད་པ་ལྷུར་ལེན་དང་དགེ་རྒན་རྣམས་ཀྱིས་མཛུབ་སྟོན་གནང་བ་བརྒྱུད། ཆེད་ལས་ཀྱི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་བ་མ་ཟད་སློབ་གྲྭའི་དགེ་སློབ་ཀུན་ནས་གདེང་འཇོག་ཆེན་པོ་བྱས་དང་བྱེད་བཞིན་ཡོད་ལ། ལྷག་པར་ནུབ་ཕྱོགས་ཀྱི་གླུ་གཞས་ལེན་སྟངས་ཐད་ལ་ཆེད་དམིགས་ཀྱིས་འབད་པ་བྱས་པས། མི་རིགས་རང་གི་སྲོལ་རྒྱུན་གླུ་གཞས་དང་ནུབ་ཕྱོགས་ཀྱི་གླུ་གཞས་ལེན་སྟངས་གཉིས་ཀར་རྨང་གཞི་ངེས་ཅན་ཞིག་བཏིང་བ་རེད།
ཐེངས་འདིའི་ཆེད་ཚོགས་ནི་མོས་ད་ལྟའི་བར་དུ་གླུ་གཞས་སྒྱུ་རྩལ་ལ་བཅངས་པའི་རེ་འདུན་དྲོན་མོ་ཞིག་ཡིན་ལ། གར་སྟེགས་ཀྱི་སྟེང་ནས་ཀྱང་རང་གི་ཆེད་ལས་དང་མཐུན་པའི་ནུབ་ཕྱོགས་ཀྱི་གླུ་གཞས་མང་པོ་ཞིག་ཚོགས་རའི་ལྟད་མོ་བའི་སྙན་ལམ་དུ་ཕུལ་བ་མ་ཟད། མི་རིགས་རང་གི་གླུ་གཞས་གྲགས་ཅན་སྐོར་ཞིག་ཀྱང་ནུབ་ཕྱོགས་ཀྱི་གླུ་གཞས་ལེན་སྟངས་དང་སྡེབ་ནས་བླངས་པས། ལྟད་མོ་བ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས།
སློབ་གྲྭ་འདིར་མཚོན་ནའང་ཆེད་ལས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་ལྡན་པའི་སློབ་མ་རྣམས་ལ་རྒྱབ་སྐྱོར་དང་ཆ་རྐྱེན་ངེས་ཅན་བསྐྲུན་ཏེ་ཁོ་ཚོའི་ཕུགས་བསམ་དང་རྨི་ལམ་མངོན་འགྱུར་འབྱུང་བར་ནུས་ཤུགས་གང་ཡོད་བཏོན་དང་འདོན་བཞིན་ཡོད་པས། ཁོ་མོས་ཀྱང་གོ་སྐབས་ལེགས་པོ་འདི་ཉིད་དམ་འཛིན་གྱིས་རང་གི་འཇོན་ནུས་མངོན་པར་བྱས་ལ། གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་སྙེག་བཞིན་པའི་ན་གཞོན་ཡོངས་ལ་ཕུལ་བའི་ལྷད་མེད་ཀྱི་ལེགས་སྐྱེས་ཤིག་ཏུའང་འདོད་ཡོད།
ཁོ་མོས་བཤད་རྒྱུར། རང་ཉིད་ཆུང་དུས་ནས་ཁྱིམ་ཚང་གི་ཤུགས་རྐྱེན་གྱིས་གླུ་གཞས་སྒྱུ་རྩལ་ཐད་ལ་ཧ་ཅང་དགའ་ཞིང་དུངས་པས། སློབ་གྲྭ་འགྲིམས་པའི་གོ་རིམ་ཁྲོད་ནམ་ཡང་འབད་པ་ལྷུར་ལེན་བྱས་པ་དང་། ཆེད་ཚོགས་འདི་ལྟ་བུ་ཞིག་བདེ་བླག་ངང་འཚོགས་ཐུབ་པ་ནི་ཁོ་མོའི་གླུ་གཞས་སྒྱུ་རྩལ་གྱི་རྨི་ལམ་མངོན་འགྱུར་འབྱུང་བའི་གོམ་ཁ་དང་པོ་དེ་ཡིན་ལ། མ་འོངས་པར་ཡང་གྲུབ་འབྲས་ངེས་ཅན་ཞིག་ལེན་ཐུབ་པར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།
ཚོགས་རའི་རྣམ་པ།