ཡི་གེའི་ཆེ་ཆུང་། ༼ ཆེ། འབྲིང་། ཆུང་། ༽
ཁག་གསུམ་པ། རང་རྒྱལ་གྱི་ཆོས་ལུགས་ཀྱི་གནས་ཚུལ་སྤྱིར་བཤད་པ། ཆོས་ལུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆེས་གདོད་མའི་སྤྱི་ཚོགས་རིག་གནས་སྣང་ཚུལ་ཞིག་ཡིན། ཆོས་ལུགས་བྱུང་རྗེས་ལོ་ངོ་ཁྲི་ཕྲག་གི་རིང་ལ་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་། ད་ལྟའང་ད་དུང་དར་རྒྱས་བྱུང་ནས་ཉམས་རྒུད་དུ་འགྲོ་བཞིན་མེད་ལ། འཛམ་གླིང་ཡོངས་ཀྱི་མི་མང་ཆེ་ཤོས་ཀྱི་བསམ་བློའི་འཚོ་བར་མུ་མཐུད་དུ་ཤན་ཤུགས་བྱེད་བཞིན་ཡོད་པ་དང་། སྤྱི་ཚོགས་འཚོ་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཆོས་ལུགས་མང་བའི་རྒྱལ་ཁབ་ཅིག་ཀྱང་ཡིན། རང་རྒྱལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ན་རང་རྒྱལ་གྱི་ཆོས་ལུགས་ལ་རྒྱུས་ལོན་བྱེད་དགོས་ལ། རང་རྒྱལ་གྱི་ཆོས་ལུགས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ཆོས་ལུགས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་བསྐྲུན་པའི་ཁྲོད་ནུས་པ་བཟང་པོ་འདོན་དགོས་ན། ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་རྒྱུས་ལོན་བྱེད་དགོས། ཆོས་ལུགས་ཞེས་པའི་མིང་གི་དོན་ནི་མི་དང་ལྷའི་འབྲེལ་བ་དང་ཡང་ན་ལྷ་ལ་དད་པ་བྱེད་པར་གོ་དགོས། སྤྱིར་བཤད་ན་ཆོས་ལུགས་ནི་མི་རྣམས་ཀྱིས་ལྷ་སོགས་རང་བྱུང་ཁམས་ལས་བརྒལ་བའི་སྟོབས་ཤུགས་ལ་དད་མོས་བྱེད་པ་སྟེ། དངོས་ཡོད་ཀྱི་དངོས་པོའི་འཇིག་རྟེན་གྱི་ཕ་རོལ་ན་ད་དུང་རང་བྱུང་ཁམས་ལས་བརྒལ་ཞིང་མི་ཡུལ་ལས་འདས་པའི་ལྐོག་གྱུར་གྱི་སྟོབས་ཤུགས་དང་ཞིང་ཁམས་ཡོད་པར་ཡིད་ཆེས་བྱེད་པ་དང་། ལྐོག་གྱུར་གྱི་སྟོབས་ཤུགས་དེས་རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་དབང་སྒྱུར་བྱེད་པར་ཡིད་ཆེས་བྱེད་པ་མ་ཟད། ལྷ་ལ་བཅངས་པའི་དད་མོས་དང་འཇིགས་སྣང་། གུས་བཀུར་སོགས་དང་འབྲེལ་བའི་བྱ་སྤྱོད་རབ་དང་རིམ་པར་གོ་དགོས། རང་རྒྱལ་ལ་གནའ་བོའི་དུས་སུ་གནམ་ས་རི་ཆུ་ལ་དད་པ་བྱེད་པ་དང་། མེས་པོ་ལ་དད་མོས་བྱེད་པའི་ཆོས་ལུགས་ཡོད། དེའི་རྗེས་སུ་ཕྱི་རྒྱལ་གྱི་ཆོས་ལུགས་ཁ་ཤས་ཀྱང་རིམ་བཞིན་རང་རྒྱལ་ལ་དར་བ་རེད། ད་ལྟ་རང་རྒྱལ་གྱི་ཆོས་ལུགས་ལ་གཙོ་བོ་ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས། དབྱི་སི་ལན་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ཡོད། དེས་མི་ཚད་ད་དུང་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་དང་དམངས་ཁྲོད་ཆོས་ལུགས། གྲངས་ཉུང་མི་རིགས་ཁ་ཤས་ཀྱི་སྲོལ་རྒྱུན་ཆོས་ལུགས་དད་མོས་སོགས་ཡོད། 1.རང་རྒྱལ་གྱི་ཆོས་ལུགས་གཙོ་བོ་མཚམས་སྦྱོར། སངས་རྒྱས་ཆོས་ལུགས། སངས་རྒྱས་ཆོས་ལུགས་ཀྱི་མིང་ནི་ཆོས་ལུགས་དེའི་ཤིང་རྟའི་སྲོལ་འབྱེད་མཁན་གྱི་མིང་ལ་བརྟེན་ནས་བྱུང་བ་དང་། སངས་རྒྱས་ཆོས་ལུགས་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་དགོངས་པ་ལ་ཟེར། སངས་རྒྱས་ཆོས་ལུགས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་དང་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའི་བར་དུ་གནའ་བོའི་རྒྱ་གར་ནས་བྱུང་བ་དང་། སངས་རྒྱས་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་མཁན་ཤཱཀྱ་ཐུབ་པ་ནི་སྤྱི་ལོའི་སྔོན་གྱི565ལོར་འཁྲུངས་པ་དང་། སྤྱི་ལོའི་སྔོན་གྱི486ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། ཁོང་ནི་ད་ལྟའི་བལ་པོའི་མངའ་ཁོངས་ཀྱི་ཅ་པིས་ལོ་བེ་ས་ཆ་ནས་འཁྲུངས་པ་དང་ཤཱཀྱ་རིགས་ཀྱི་རྒྱལ་སྲས་ཡིན། ཤཱཀྱ་མུ་ནེ་ནི་སངས་རྒྱས་ཆོས་ལུགས་པས་ཁོང་ལ་བཏགས་པའི་ཞེ་སའི་མཚན་ཡིན་ལ། དེ་ནི་ཤཱཀྱ་རིགས་ཀྱི་འཕགས་པ་ཞེས་པའི་དོན་ཡིན། ཁོང་དགུང་ལོ་ཆུང་དུས་སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་དང་ཟིང་འཁྲུག་གིས་མི་རྣམས་སྡུག་བསྔལ་ལ་སྦྱར་བ་རིག་སྟེ། འཇིག་རྟེན་མི་རྟག་པར་མཐོང་བས། མི་རྣམས་སྡུག་བསྔལ་ལས་སྒྲོལ་བའི་གནས་ལུགས་ལ་བསམ་གཞིགས་ཞིབ་མོ་བཏང་། ཁོང་དགུང་ལོ་ཉེར་དགུའི་སྐབས་སུ་རབ་ཏུ་བྱུང་བ་དང་། ལོ་ངོ་དྲུག་ལ་དཀའ་བ་སྤྱད་དེ་མངོན་པར་རྫོགས་པར་སངས་རྒྱས་པས་སངས་རྒྱས་ཞེས་འབོད། དེའི་རྗེས་སུ་ཁོང་གིས་རྒྱ་གར་གྱི་ཆུ་བོ་གང་གཱའི་དབུས་རྒྱུད་ནས་སོ་སོ་སྐྱེ་བོ་རྣམས་ལ་རང་གི་དགོངས་པ་བསྒྲགས་ཏེ་ལོ་ཞེ་ལྔ་འགོར་བས། རིམ་བཞིན་དངོས་སློབ་མང་པོ་བྱུང་བ་དང་ཆོས་ལུགས་ཀྱི་ཚོགས་པ་བཙུགས་ཏེ། སངས་རྒྱས་ཆོས་ལུགས་བྱུང་བ་རེད། ཤཱཀྱ་མུ་ནེ་དགོང་ལོ་བརྒྱད་ཅུའི་སྐབས་སུ་སྐུ་མྱ་ངན་ལས་འདས་པ་དང་། ཁོང་སྐུ་མྱ་ངན་ལས་འདས་རྗེས་ཁོང་གི་ཐུགས་སྲས་དག་གིས་རིམ་བཞིན་སངས་རྒྱས་ཆོས་ལུགས་ས་ཆ་དང་རྒྱལ་ཁབ་གཞན་པར་སྤེལ་བས། ཕྱིས་སུ་སངས་རྒྱས་ཆོས་ལུགས་ནི་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་སུ་གྱུར། སྤྱི་ལོ་དར་བའི་ལོ་ཡི་སྔ་གཞུག་ཏུ། སངས་རྒྱས་ཆོས་ལུགས་རྒྱ་གར་ནས་ཀྲུང་གོར་དར་མགོ་བརྩམས། ཆོས་ལུགས་དར་སྤེལ་གྱི་དུས་ཚོད་དང་ཐབས་ལམ། ས་ཁུལ་བཅས་མི་འདྲ་བ་དང་། མི་རིགས་ཀྱི་རིག་གནས་དང་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བར་བརྟེན་ནས། ཀྲུང་གོའི་སངས་རྒྱས་ཆོས་ལུགས་དེ་ཁག་ཆེན་པོ་གསུམ་དུ་གྱུར་པ་སྟེ། རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན། ཡུན་ནན་ས་ཁུལ་གྱི་ལྷོ་བརྒྱུད་ནང་བསྟན་བཅས་རེད། གཤམ་ནས་གཙོ་བོ་བོད་བརྒྱུད་ནང་བསྟན་མཚམས་སྦྱོར་ཞིག་བྱེད། བོད་བརྒྱུད་ནང་བསྟན་ལ་བོད་སྐད་ནང་བསྟན་དང་བོད་ཀྱི་ནང་བསྟན་ཞེས་འབོད་ལ། ཡོངས་ཁྱབ་ཏུ་བླ་མའི་ཆོས་ལུགས་ཞེས་འབོད། སངས་རྒྱས་ཆོས་ལུགས་ནི་སྤྱི་ལོའི་དུས་རབས་བདུན་པར་ཐུ་བྷོད་རྒྱལ་རབས་དར་བའི་སྐབས་སུ་བོད་ལ་དར་མགོ་བརྩམས། དུས་རབས་བདུན་པའི་མགོར་སྲུང་བཙན་སྒམ་པོས་ཐུ་བྷོད་རྒྱལ་རབས་ལ་དབང་སྒྱུར་སྐབས། ཐུ་བྷོད་ཀྱི་སྤྱི་ཚོགས་ལ་འཕེལ་རྒྱས་ཆེ་བའི་ཐོན་སྐྱེད་མཁོ་བ་དང་མཉམ་དུ། བསམ་བློའི་ཁྱབ་ཁོངས་སུ་ཡང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཆོས་ལུགས་གསར་བ་མཁོ། སྐབས་དེར་སངས་རྒྱས་ཆོས་ལུགས་ཕལ་ཆེར་ཨེ་ཤ་ཡ་ཡོངས་སུ་ཁྱབ་ཡོད་པ་དང་། བོད་ནི་རྒྱ་གར་དང་ཐང་རྒྱལ་རབས་གཉིས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་གཉིས་ཀྱི་དཀྱིལ་དུ་གནས་ཡོད་པས། རང་ཤུགས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་ཏེ་སངས་རྒྱས་ཆོས་ལུགས་དང་ལེན་བྱས་པ་དང་། གནས་ཚུལ་དེ་འདྲའི་འོག་ཏུ་སངས་རྒྱས་ཆོས་ལུགས་རང་རྒྱལ་གྱི་ནང་ལོགས་དང་རྒྱ་གར་ནས་བོད་ལ་དར་བ་རེད། བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྟེང་བཀོད་པ་ལྟར་ན། བོད་ཀྱི་བཙན་པོ་སྲུང་བཙན་སྒམ་པོས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་པས། སྔ་གཞུག་ཏུ་བལ་པོའི་བལ་བཟའ་ཀོང་ཇོ་དང་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོ་གཉིས་ཁབ་ཏུ་བཞེས་པ་མ་ཟད། ལྷ་ལྡན་གཙུག་ལག་ཁང་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཏེ་ཀོང་ཇོ་གཉིས་ཀྱིས་འཁྱེར་བའི་ཤཱཀྱ་མུ་ནེའི་སྐུ་རྟེན་གཙུགས་ལག་ཁང་དུ་བཞག་པ་དང་། ཆོས་ཀྱི་གཞུང་མང་པོ་ལོ་ཙཱ་བྱས་ཏེ་སངས་རྒྱས་བསྟན་པ་སྤེལ། སྲོང་བཙན་སྒམ་པོའི་རྗེས་སུ་སངས་རྒྱས་ཆོས་ལུགས་ནི་ཐུ་བྷོད་ཀྱི་ཞིང་བྲན་བདག་པོ་དང་སྐུ་དྲག་ཚོའི་ཁེ་དབང་གི་རྩོད་པའི་ཁྲོད་དུ་བར་ཆད་ལ་འཕྲད་ནའང་། དུས་རབས་བཅུ་བའི་དུས་མཇུག་ཏུ་སླེབས་སྐབས་བསྟན་པའི་མེ་རོ་ཡང་བསྐྱར་དར། སངས་རྒྱས་ཆོས་ལུགས་དང་བོད་ཀྱི་གདོད་མའི་བོན་ཆོས་བར་ཡུན་རིང་པོར་འགལ་བ་དང་མཉམ་འདྲེས་བྱུང་སྟེ། སངས་རྒྱས་ཆོས་ལུགས་ཀྱིས་བོན་ཆོས་ཀྱི་ནང་དོན་མང་པོ་བསྡུ་ལེན་བྱས་པ་མ་ཟད། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་ལ་དམ་དུ་འབྲེལ་བས། དེར་བོད་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ཡོད། དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ། བོད་ཀྱི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ལ་གོང་འཕེལ་བྱུང་བ་དང་། ས་གནས་སོ་སོའི་བཀས་བཀོད་རྒྱུད་འཛིན་གྱི་སྟོབས་ཤུགས་དག་གིས་རྒྱ་ཆེའི་ཞིང་བྲན་རྣམས་ལ་གཉའ་གནོན་བཤུ་གཞོག་བྱས་པས། ཁོ་ཚོའི་དཔལ་འབྱོར་ཀྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་བ་དང་། དབང་སྒྱུར་གྱི་གོ་གནས་སྲ་བརྟན་དུ་སོང་བ་ན། ཕན་ཚུན་བར་དུ་དབང་ཆ་རྩོད་རེས་བྱས། བཀས་བཀོད་རྒྱུད་འཛིན་གྱི་ཚོགས་པ་མི་འདྲ་བར་བརྟེན་པའི་དགོན་སྡེའི་གྲྭ་བཙུན་གྱིས་ཀྱང་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་བཙུགས་ཏེ་དར་སྤེལ་བཏང་ནས་གྲུབ་མཐའ་མི་འདྲ་བ་ཆགས། དུས་རབས་བཅུ་གཅིག་པའི་རྗེས་སུ། སྔ་གཞུག་ཏུ་གྲུབ་མཐའ་དང་དེའི་མ་ལག་སུམ་ཅུ་ཙམ་བྱུང་ལ། དེའི་ནང་གི་གཙོ་བོ་ནི་རྙིང་མ་པ་དང་ས་སྐྱ་པ། བཀའ་རྒྱུད་པ། བཀའ་གདམས་པ། དགེ་ལུགས་པ་བཅས་རེད། ཏའོ་ཅའོ་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས་ནི་རང་རྒྱལ་ལ་ཆེད་དུ་ཡོད་པའི་ཆོས་ལུགས་ཡིན་པ་དང་། དེ་སྤྱི་ལོའི་དུས་རབས་དང་པོར་ཧན་རྒྱལ་རབས་ཤར་མའི་དུས་མགོར་བྱུང་ཞིང་། ད་བར་དུ་ལོ་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད། ཏའོ་ཅའོ་ཆོས་ལུགས་ནི་རང་རྒྱལ་གྱི་གདོད་མའི་ཆོས་ལུགས་དད་མོས་ཀྱི་རྨང་གཞིའི་སྟེང་། སྨན་རྩིས་མོ་དཔྱད་སོགས་ཆོས་ལུགས་ཀྱི་བསམ་བློ་དང་ཉམས་ལེན་བྱེད་ཐབས་ཁ་ཤས་བསྡུ་ལེན་བྱས་ཏེ་རིམ་བཞིན་ཆགས་པ་རེད། ཏའོ་ཅའོ་ཆོས་ལུགས་ཀྱིས་ལའོ་ཙི་ནི་བསྟན་པའི་བདག་པོར་བརྩི་ཞིང་། ལའོ་ཙི་ཡི་གསུང་རྩོམ་སྤྱོད་ལམ་གསུང་རབ་ཅེས་པ་དེ་གསུང་རབ་གཙོ་བོར་བརྩི་བ་མ་ཟད། དེར་ཆོས་ལུགས་རང་བཞིན་གྱི་འགྲེམ་བཤད་བྱས་ཡོད། དེས་ལམ་ཞེས་པ་ནི་བླ་ན་མེད་པའི་དད་མོས་སུ་བརྩི་བ་དང་། ལམ་ནི་དངོས་པོའི་འཇིག་རྟེན་དང་བསམ་པའི་འཇིག་རྟེན་གྱི་འབྱུང་གཞི་ཡིན་པ་དང་། དེའི་ནང་དུ་ཡོད་ཚད་འདུ་ལ། དེ་ནི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པར་འདོད། ལམ་དང་མཉམ་དུ་སྤྱོད་ལའང་འགྲེལ་བཤད་བྱས་ཡོད་དེ། སྤྱོད་ནི་ཆོས་ཐམས་ཅད་ཀྱི་འཚོ་གནས་ཀྱི་ཚོར་བ་སྐྱེན་པོ་ལ་གོ་བ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལའང་གོ། ལམ་དང་སྤྱོད་ཀྱིས་འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་དབང་སྒྱུར་བ་དང་། གནམ་དང་ས། མི་ཚང་མ་སྤྱོད་ལམ་གྱི་འབྲེལ་བ་དང་འབྲལ་ཐབས་མེད་པར་འདོད། ཏའོ་ཅའོ་ཆོས་ལུགས་དེ་ཡུན་རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ནས་གྲུབ་མཐའ་མི་འདྲ་བར་གྱེས་པ་དང་། གཙོ་བོ་ནི་ཆོན་ཀྲིན་ཏའོ་དང་ཀྲིན་དབྱི་ཏའོ་གཉིས་ཡིན། ཆོན་ཀྲིན་ཏའོ་ཡིས་བང་ཁྲུང་དབྱང་ཤིང་རྟའི་སྲོལ་འབྱེད་མཁན་དུ་བརྩི་ལ། གཙོ་བོ་སྒྲུབ་སྦྱོང་བྱེད་པ་དང་བཙུན་པའི་སྲོལ་འཛིན། ཀྲིན་དབྱི་ཏའོ་ཡིས་ཀྲང་ཏའོ་ལིན་ཤིང་རྟའི་སྲོལ་འབྱེད་མཁན་དུ་བརྩི་ལ། གཙོ་བོ་ཆང་གིས་ལྷ་ལ་མཆོད་པ་དང་ཤོག་བུའི་སྟེང་རི་མོ་བྲིས་ཏེ་བགེག་བཟློག་ལུས་སྲུང་བྱེད་པའི་ལས་ལ་འཇུག གྲུབ་མཐའ་དེ་གཉིས་ཀྱི་སྡོམ་ཁྲིམས་མི་འདྲ་ནའང་། ཆོས་ཀྱི་དགོངས་དོན་ཐད་ནས་འགལ་བ་ཆེན་པོ་མེད། ཏའོ་ཅའོ་ཆོས་ལུགས་ཀྱིས་ལྷ་ལ་མཆོད་ས་དང་། ལྷ་སྐུ་བཞེངས་ས། ཆོས་ཀྱི་ཆོ་ག་སྤེལ་ས་བཅས་ལ་ཏའོ་ཅའོ་ཕོ་བྲང་དང་ཏའོ་ཅའོ་ལྷ་ཁང་། ཏའོ་ཅའོ་དགོན་པ། ཏའོ་ཅའོ་གླིང་། ཏའོ་ཅའོ་བྲག་ཕུག་ཅེས་འབོད་ལ། སྤྱིར་བཏང་དུ་དེ་དག་ལ་ཏའོ་ཅའོ་ལྷ་ཁང་ཞེས་འབོད། དབྱི་སི་ལན་ཆོས་ལུགས། དབྱི་སི་ལན་ཆོས་ལུགས་ནི་སངས་རྒྱས་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་དང་མཉམ་དུ་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་གྱི་གྲས་སུ་བཞག་ཡོད་ལ། དུས་རབས་བདུན་པར་ཨ་རབ་ཕྱེད་གླིང་ནས་བྱུང་བ་རེད། སྔོན་ཆད་རང་རྒྱལ་གྱིས་དེ་ལ་ཧོས་ཅའོ་ཆོས་ལུགས་དང་ཆིན་ཀྲིན་ཆོས་ལུགས། ཡང་ན་ཐེན་ཧྥང་ཆོས་ལུགས་ཞེས་འབོད། དབྱི་སི་ལན་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ནི་བསྟུན་པ་དང་དང་དུ་ལེན་པའི་དོན་ཡིན་ཏེ། ཨན་ལ་ཡི་དགོངས་པར་བསྟུན་པ་དང་དང་དུ་ལེན་ཞེས་པར་གོ། དབྱི་སི་ལན་ཆོས་ལུགས་ཀྱི་བཤད་ཚུལ་ལྟར་ན། དབྱི་སི་ལན་ཆོས་ལུགས་ནི་སྟོན་པ་མུའུ་ཧན་མོ་ཏི་ཡིས་ཨན་ལ་ཡི་ལུང་བསྟན་དང་དུ་བླངས་ནས་བྱུང་བ་དང་དར་བ་རེད་ཟེར། དབྱི་སི་ལན་ཆོས་ལུགས་ཀྱི་གསུང་རབ་གཙོ་བོ་ནི་ཁུ་རན་གསུང་རབ་ཡིན། གསུང་རབ་དེ་ནི་དབྱི་སི་ལན་ཆོས་ལུགས་ཀྱི་དད་མོས་དང་ཁྲིམས་འཛུགས། ཀུན་སྤྱོད་ཚད་གཞི། བསམ་བློའི་རིག་གཞུང་བཅས་ཀྱི་རྨང་གཞི་ཡིན། མུའུ་ཧན་མོ་ཏི་སྐུ་གཤེགས་རྗེས། ཆབ་སྲིད་དང་ཆོས་ལུགས། སྤྱི་ཚོགས་ཀྱི་འདོད་བློ་བཅས་ཀྱི་ཐད་ནས་འགལ་བ་བྱུང་བས། ཆོས་ལུགས་ནང་ཁུལ་དུ་ཡང་འགལ་བ་བྱུང་ནས་གྲུབ་མཐའ་མི་འདྲ་བ་འགའ་རུ་གྱེས་ལ། གཙོ་བོ་ཞུང་ཉི་དང་ཧྲི་ཡེ་ཞེས་པའི་གྲུབ་མཐའ་ཆེན་པོ་གཉིས་སུ་གྱེས། སྤྱི་ལོའི་དུས་རབས་བདུན་པའི་མགོར། ཨ་རབ་ཀྱི་མུའུ་སི་ལིན་མཚོ་ཐོག་དང་སྐམ་ལམ་གཉིས་ནས་ཀྲུང་གོར་ཉོ་ཚོང་དང་ཡང་ན་གནས་སྐོར་བྱེད་དུ་ཡོང་བར་མ་ཟད། དབྱི་སི་ལན་ཆོས་ལུགས་དར་སྤེལ་བྱེད་དུ་ཡོང་། ཡོན་རྒྱལ་རབས་ཀྱི་སྐབས་སུ་དབྱི་སི་ལན་ཆོས་ལུགས་རང་རྒྱལ་ནས་དར་ཁྱབ་སྔར་ལས་ཆེན་པོ་བྱུང་། དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཏེ་མེན་རྒྱལ་རབས་ཀྱི་མཇུག་ཏུ། དབྱི་སི་ལན་ཆོས་ལུགས་དེ་ཀྲུང་གོའི་སྲོལ་རྒྱུན་གྱི་རུའུ་ལུགས་པའི་བསམ་བློ་དང་འདྲེས་པས། ཆོས་ཁང་གི་སློབ་གསོ་གོང་འཕེལ་ངེས་ཅན་བྱུང་བ་དང་། མུའུ་སི་ལིན་ཆོས་ཁང་ལས་པ་སོགས་ཀྱི་ཐད་ནས་ཀྱང་རྒྱ་རིགས་ཀྱི་དགོན་པའི་འཛུགས་སྐྲུན་བྱེད་སྲོལ་བསྡུ་ལེན་བྱས་ཡོད། ཀྲུང་གོ་ན་ད་ལྟ་ཡུ་གུར་རིགས་དང་ཧོས་རིགས། ཧ་སག་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ཐམ་པས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་བཞིན་ཡོད། གནམ་བདག་ཆོས་ལུགས། གནམ་བདག་ཆོས་ལུགས་ནི་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་དང་ཡེ་ཤུའི་ཆོས་ལུགས་གསར་བ་གཉིས་དང་མཉམ་དུ་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་གསུམ་ནང་གི་གཅིག་ཡིན་ལ། སྤྱི་ཆོས་ཞེས་ཀྱང་འབོད། དེའི་དོན་ནི་འཛམ་གླིང་ཡོངས་དང་ཡོངས་ཁྱབ་ཀྱི་ཆོས་ལུགས་ཞེས་པར་གོ། དེ་དར་ས་གཙོ་བོ་ནི་རཱོ་མ་ཡིན་པས་རཱོ་མའི་སྤྱི་ཆོས་ཞེས་ཀྱང་འབོད། ཡེ་ཤུ་ཆོས་ལུགས་ནི་སྤྱི་ལོ་དུས་རབས་དང་པོར་ཨེ་ཤ་ཡའི་ནུབ་ཕྱོགས་ཀྱི་ཕ་ལེ་སི་ཐན་ས་ཁུལ་ནས་བྱུང་བ་དང་། བཤད་ཚུལ་ལྟར་ན་ཡིའུ་ཐའེ་པ་ཡེ་ཤུ་ཡིས་གསར་དུ་བཏོད་པ་དང་། ཡིའུ་ཐའེ་ཆོས་ལུགས་ཀྱི་ཡན་ལག་ཅིག་གོང་དུ་འཕེལ་ནས་བྱུང་བ་རེད་ཟེར། ཡེ་ཤུ་ཆོས་ལུགས་བྱུང་མ་ཐག་པའི་དུས་མགོར་ཤར་ནུབ་ཀྱི་ཕྱོགས་ཁག་གཉིས་སུ་བཀར་བ་དང་། ཕྱོགས་ཁག་ཤར་མ་ནི་རཱོ་མ་བཙན་པོའི་རྒྱལ་ཁབ་ཤར་ཕྱོགས་ཀྱི་ཞི་ལ་ས་ཁུལ་དུ་ཁྱབ་པ་དང་། ཕྱོགས་ཁག་ནུབ་མ་ནི་རཱོ་མ་བཙན་པོའི་རྒྱལ་ཁབ་ནུབ་ཕྱོགས་ཀྱི་ལ་ཏེན་སྐད་སྨྲ་སར་ཁྱབ། སྤྱི་ལོ395ལོར་རཱོ་མ་བཙན་པོའི་རྒྱལ་ཁབ་དེ་རཱོ་མ་ཤར་མ་དང་རཱོ་མ་ནུབ་མ་སྟེ་རྒྱལ་ཁབ་གཉིས་སུ་གྱེས། རཱོ་མ་ཤར་མས་ཅུན་ཧྲི་ཐན་ཏེན་པའོ་རྒྱལ་སར་གཏན་ཁེལ་བྱས་པ་དང་། རཱོ་མ་ནུབ་མས་རཱོ་མ་རྒྱལ་སར་གཏན་ལ་ཕབ་པས། ཡེ་ཤུ་ཆོས་ལུགས་སྤེལ་སའི་གནས་གཙོ་བོ་ཤར་ནུབ་གཉིས་སུ་ཆགས། ཆོས་ཀྱི་དགོངས་པར་གོ་བ་ལེན་ཚུལ་མི་འདྲ་བ་དང་། ཆོས་ཀྱི་གུས་ལུགས་ཐད་ནས་འགལ་བ་བྱུང་བ། ཆོས་ཚོགས་ཀྱི་དབང་ཆ་བརྩད་པ་སོགས་ལ་བརྟེན་ནས། ཆོས་ལུགས་ཕྱོགས་ཁག་གཉིས་པོ1054ལོར་སོ་སོར་འཐོར་བ་དང་། ཕྱོགས་ཁག་ཤར་མས་རང་མིང་ལ་ཡེ་ཤུའི་དངོས་རྒྱུད་ཆོས་ལུགས་ཤར་མ་ཞེས་བཏགས་པ་དང་། ཕྱོགས་ཁག་ནུབ་མས་རང་མིང་ལ་སྤྱི་ཆོས་ཞེས་བཏགས། (ཀྲུང་གོས་དེར་གནམ་བདག་ཆོས་ལུགས་ཟེར། )གནམ་བདག་ཆོས་ལུགས་ནི་རང་རྒྱལ་ལ་ཡོན་རྒྱལ་རབས་ཀྱི་སྐབས་སུ་དར་བ་དང་། རྗེས་སུ་དར་རྒུད་ཀྱི་བརྒྱུད་རིམ་འགའ་བརྒྱུད། 1840ལོར་ཀྲུང་དབྱིན་ཉལ་ཐའི་དམག་འཁྲུག་བྱུང་རྗེས། གནམ་བདག་ཆོས་ལུགས་ནི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱེད་པའི་ལག་ཆར་གྱུར་ནས་གཞི་ཁྱོན་ཆེ་བའི་སྒོ་ནས་ཀྲུང་གོར་མཆེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་དབང་སྒྱུར་བའི་རྒྱབ་སྐྱོར་འོག་འཕེལ་རྒྱས་ཆེན་པོ་བྱུང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་གནམ་བདག་ཆོས་ལུགས་ཀྱི་དད་ལྡན་པ་ས་ཡ3ལ་བུད། ཡེ་ཤུ་ཆོས་ལུགས། ཡེ་ཤུ་ཆོས་ལུགས་ནི་གནམ་བདག་ཆོས་ལུགས་དང་ཡེ་ཤུ་དངོས་རྒྱུད་ཆོས་ལུགས་ཤར་མ་དང་མཉམ་དུ་ཡེ་ཤུ་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་གསུམ་ནང་གི་གཅིག་ཡིན་པ་དང་། དུས་རབས16པར་ཡོ་རོབ་གླིང་གི་ཆོས་ལུགས་བཅོས་སྒྱུར་ལས་འགུལ་ཁྲོད་གནམ་བདག་ཆོས་ལུགས་ལས་བྲལ་ཏེ་བྱུང་བའི་གྲུབ་མཐའ་གསར་བ་ཞིག་ཡིན་ལ། གྲུབ་མཐའ་དེ་དག་གི་ཁྲོད་ནས་བྱུང་བའི་ཕྱོགས་ཁག་མང་པོའི་སྤྱི་མིང་རེད། ཡེ་ཤུ་ཆོས་ལུགས་ནི་དུས་རབས19བའི་དུས་མགོར་ཀྲུང་གོར་དར་བ་དང་། 1840ལོར་ཉལ་ཐའི་དམག་འཁྲུག་བྱུང་རྗེས། ནུབ་ཕྱོགས་ཀྱི་ཡེ་ཤུ་ཆོས་ལུགས་སྤེལ་མཁན་གྱིས་ཀྲུང་གོ་ནས་ཆོས་ལུགས་སྤེལ་བའི་མྱུར་ཚད་ཇེ་མགྱོགས་དང་གཞི་ཁྱོན་ཇེ་ཆེར་བཏང་། ཡེ་ཤུ་ཆོས་ལུགས་གཞི་ཁྱོན་ཆེན་པོས་ཀྲུང་གོར་མཆེད་པ་དང་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གཉིས་དུས་མཉམ་དུ་བྱུང་བ་དང་བསྟུན་ནས། ཆོས་སྤེལ་བའི་ལས་དོན་དེ་དྲག་ཤུགས་ལ་བརྟེན་པ་དང་། ཆོས་ཚོགས་ལ་དམིགས་བསལ་གྱི་དབང་ཆ་ཡོད་པས། ཀྲུང་གོ་བས་ངོ་རྒོལ་དྲག་པོ་བྱས་པ་དང་། ནུབ་ཕྱོགས་ཆོས་ཚོགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྣང་མེད་དུ་བཞག་སྟེ་ཀྲུང་གོ་ནུབ་བསྒྱུར་བྱེད་འདོད་པ་དེ་ཡང་ཁས་ལེན་མ་བྱས། 1949ལོར་ཀྲུང་གོ་གསར་བ་དབུ་བརྙེས་རྗེས། རྒྱལ་ཡོངས་སུ་ཡེ་ཤུ་ཆོས་ལུགས་ཀྱི་དད་ལྡན་པ་འབུམ7ཙམ་ཡོད། 2. རང་རྒྱལ་གྱི་ཆོས་ལུགས་ཀྱི་ལོ་རྒྱུས་ཁྱད་ཆོས། རང་རྒྱལ་གྱི་ཆོས་ལུགས་ལ་གཙོ་བོ་གཤམ་གྱི་ལོ་རྒྱུས་ཀྱི་ཁྱད་ཆོས་འདི་དག་ཡོད་དེ། གཅིག ཀྲུང་གོའི་གནའ་བོའི་སྤྱི་ཚོགས་ཀྱི་གཙོ་ཁྲིད་བསམ་བློ་ནི་ཆོས་ལུགས་མིན་པར། ཁུང་ཙི་དང་མིན་ཙི་ཡི་གཞུང་ལུགས་གཙོ་བྱས་པའི་རུའུ་ལུགས་པའི་ཁྱིམ་རྒྱུད་མི་ཆོས་བསམ་བློའི་མ་ལག་ཡིན་ལ། དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཆོས་ལུགས་ཀྲུང་གོར་དར་བར་ཚོད་འཛིན་བྱས་ཡོད། ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་དབང་སྒྱུར་པས་ཆོས་ལུགས་སྒྲོག་སྤེལ་བྱེད་ན་ཡང་། གཙོ་བོ་ཆོས་ལུགས་ཀྱིས་མི་ལ་སློབ་གསོ་གཏོང་རྒྱུ་གཙོ་བོར་འཛིན་པ་ལས། ཆོས་ལུགས་དེ་དབང་སྒྱུར་གྱི་གཞི་རྩ་ཞིག་ཏུ་གཏན་ནས་བརྩིས་མེད། དེ་བས་འདྲི་འདྲའི་སྣང་ཚུལ་འགའ་བྱུང་བ་སྟེ། གཅིག་ནི་ཀྲུང་གོའི་མི་གྲངས་ཆེས་མང་བའི་རྒྱ་རིགས་ཀྱིི་ཁྲོད་དུ་ཆོས་ལུགས་དད་ལྡན་པ་རྒྱུན་དུ་ཧ་ཅང་ཉུང་བ་དང་། གཉིས་ནི་དད་ལྡན་པ་ཧ་ཅང་མང་པོར་བརྟན་ཚིགས་མེད་པར་རང་ཉིད་ལ་ཁེ་ཕན་ཡོད་ན་དད་པ་བྱེད་པ། གསུམ་ནི་ཆོས་ལུགས་སོ་སོ་གོང་འཕེལ་དུ་འགྲོ་སྐབས་རུའུ་ལུགས་པའི་བསམ་བློ་རིག་གནས་ཀྱི་ཤན་ཤུགས་མ་ཐེབས་པ་མེད་ལ། ཚང་མས་རུའུ་ལུགས་པའི་རིག་གནས་བསྡུ་ལེན་བྱས་ཏེ་ཀྲུང་གོ་ནས་གོང་འཕེལ་བྱུང་བ་བཅས་རེད། གཉིས། རྒྱལ་ཁབ་ལ་མཚོན་ན་ཆོས་ལུགས་ཤིག་ལ་དམིགས་བསལ་གྱི་གོ་གནས་མེད་དེ། ཆོས་ལུགས་སོ་སོ་ཕལ་ཆེར་ཅུང་འདྲ་མཉམ་ངང་གནས་ཡོད་པ་དང་། ཕན་ཚུན་བར་དུ་བཟོད་སྒོམ་བྱེད་པ་ཡིན་ལ། ལོ་རྒྱུས་སྟེང་གི་དབང་སྒྱུར་པས་སྤྱིར་ཆོས་ལུགས་ལ་བཟོད་སྒོམ་གྱི་རྣམ་འགྱུར་བཟུང་ཡོད། ཀྲུང་གོའི་ཆོས་ལུགས་སོ་སོའི་བར་དུ་དམིགས་བསལ་གྱི་གནས་ཚུལ་ཁ་ཤས་ཀྱི་དབང་གིས་མ་གཏོགས། གཞི་ཁྱོན་ཆེ་བའི་དྲག་ཤུགས་འཁྲུག་རྩོད་བྱུང་མ་མྱོང་། གསུམ། རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ཀྱི་གནས་ཚུལ་ལ་ཁྱད་པར་ཅུང་ཆེན་པོ་ཡོད། ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་དུ་མི་གྲངས་ཀྱི་མང་ཉུང་དང་སྤྱི་ཚོགས་འཚར་ལོངས་ཀྱི་ཚད་གཞིའི་ཐད་དུ་ཁྱད་པར་ཆེན་པོ་ཡོད། རྒྱ་རིགས་ཀྱི་སྤྱིའི་མི་གྲངས་དེ་གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་གྲངས་ལས་ལྡབ་འགས་མང་། ཆོས་ལུགས་ཀྱིས་རྒྱ་རིགས་ལ་ཤན་ཤུགས་ཐེབས་ཚུལ་ནི་གཙོ་བོ་ཚད་ལྡན་གྱི་ཆོས་ལུགས་དད་ལྡན་པ་ཧ་ཅང་ཉུང་བ་དང་། མང་ཚོགས་མང་པོའི་ཆོས་ལུགས་ཀྱི་འདུ་ཤེས་དེ་ཡུན་རིང་པོར་ལྷ་འདྲེ་ཡོད་པར་འདོད་པ་དང་མེས་པོ་ལ་བཀུར་བའི་དུས་རིམ་དུ་ལུས་ཡོད་པ་དེས་མཚོན་ཡོད་ལ། རྨོངས་དད་དང་ལས་དབང་གི་བསམ་བློ་ཧ་ཅང་ཁྱབ་ཆེ་བ་དང་། ཆོས་ལུགས་ཀྱིས་སྤྱིར་བཏང་གིས་རྒྱ་མི་རིགས་ཀྱི་འཚོ་བའི་རྣམ་པ་དང་ཡུལ་སྲོལ་གོམས་གཤིས་ལ་ཤན་ཤུགས་ཐེབས་པ་ཅུང་ཆུང་། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ལ་མཚོན་ན། སྤྱིར་ཚད་མི་འདྲ་བའི་སྒོ་ནས་ཆོས་ལུགས་ལ་དད་མོས་བྱེད་པའི་མི་གྲངས་ཀྱིས་མི་གྲངས་སྤྱིའི་ཕྱེད་ཀའི་ཡན་ཟིན་ཡོད་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་དང་ལྷོ་བརྒྱུད་ནང་བསྟན། དབྱི་སི་ལན་ཆོས་ལུགས་བཅས་ལ་དད་པ་བྱེད་པའི་མི་རིགས་ཉི་ཤུ་ལྷག་ཡོད་ལ། ལོ་རྒྱུས་སྟེང་མང་ཚོགས་ཚང་མས་ཆོས་ལུགས་ལ་དད་པ་བྱེད་པས། ཆོས་ལུགས་ཀྱིས་མི་རིགས་འདི་དག་གི་ཆབ་སྲིད་དཔལ་འབྱོར་དང་བསམ་བློའི་རིག་གནས། འཚོ་བའི་རྣམ་པ། ཡུལ་སྲོལ་གོམས་གཤིས་བཅས་ལ་ཤན་ཤུགས་ཆེན་པོ་ཐེབས་ཡོད་པ་དང་། ཆོས་ལུགས་ཀྱི་གནད་དོན་ནི་མི་རིགས་ཀྱི་གནད་དོན་ལ་དམ་དུ་འབྲེལ་ཡོད། བཞི། བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་རིམ་བྱུང་གིས་རང་གི་དབང་སྒྱུར་ལ་སྲུང་སྐྱོབ་བྱེད་པར་དམིགས་ནས་ཆོས་ལུགས་བཀོལ་སྤྱོད་བྱས་པ་དང་མཉམ་དུ་ཆོས་ལུགས་ལ་ཚོད་འཛིན་ཡང་བྱས་ཡོད་པ་དང་། རྒྱལ་པོའི་དབང་ཆས་ནམ་ཡིན་ཡང་ཆོས་ལུགས་ལ་ཁ་ལོ་བསྒྱུར་ཞིང་། སྲིད་དབང་ལ་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་གཏན་ནས་བྱུང་མ་མྱོང་། ཆོས་ལུགས་རྩ་འཛུགས་ཚང་མས་རྒྱལ་པོའི་དབང་ཆར་བཀུར་དགོས་པ་དང་། རྒྱལ་པོའི་དབང་ཆར་ཞབས་ཕྱི་སྒྲུབ་དགོས་ལ། སྲིད་གཞུང་གི་དོ་དམ་དང་ལེན་བྱེད་དགོས་པ་ལས། སྲིད་གཞུང་གི་ཁྲིམས་སྲོལ་དང་འགལ་མི་ཆོག ལྔ། 1840ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ། གནམ་བདག་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས་ཀྲུང་གོ་ནས་དར་ཁྱབ་བྱུང་བ་དེ་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པར་འབྲེལ་བ་དམ་པོ་ཡོད། 3. ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཆོས་ལུགས་ཆེན་པོ་ལྔའི་འཕེལ་རྒྱས་གནས་ཚུལ། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། རང་རྒྱལ་གྱི་དཔལ་འབྱོར་དང་ཆབ་སྲིད་ལམ་ལུགས་ལ་རྩ་བ་ནས་འགྱུར་ལྡོག་བྱུང་བ་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་རྗེས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་བདེ་བླག་ངང་གོང་དུ་འཕེལ་བར་བསྟུན་ནས། ཆོས་ལུགས་ཆེན་པོ་སོ་སོར་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་གང་ལེགས་ཀྱིས་བསྟུན་པའི་འགྱུར་ལྡོག་གསར་བ་བྱུང་། སངས་རྒྱས་ཆོས་ལུགས། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སངས་རྒྱས་ཆོས་ལུགས་ལ་གསོན་ཤུགས་གསར་བ་རྒྱས། ཆབ་སྲིད་ཀྱི་ཐད་ནས་བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་དང་བཤུ་གཞོག་གཉའ་གནོན་ལམ་ལུགས་མེད་པར་བཏང་བས། རབ་བྱུང་པ་དང་རབ་བྱུང་མ། དད་ལྡན་པ་མང་ཆེ་ཤོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱབ་སྐྱོར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས། 1953ལོའི་ཟླ6པར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དབུ་བརྙེས་པས། ཀྲུང་གོ་རྙིང་པའི་མི་རིགས་སོ་སོ་དང་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་བར་ཐག་རིང་བ་དང་། ཁ་ཐོར་དགུ་ཐོར་དུ་སོང་ཡོད་པའི་རྣམ་པ་དེ་དངོས་སུ་མཇུག་རྫོགས་ཏེ། ཀྲུང་གོ་གསར་བའི་སངས་རྒྱས་ཆོས་ལུགས་གོང་དུ་སྤེལ་བར་རྩ་འཛུགས་ཀྱི་རྨང་གཞི་བཏིངས། བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཙོ་འཛིན་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོའི་འགན་འཁུར་བ་དང་། དགེ་བཤེས་ཤེས་རབ་རྒྱ་མཚོས་ཚོགས་གཙོ་གཞོན་པའི་འགན་འཁུར། བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། ཀྲུང་གོའི་སངས་རྒྱས་ཆོས་ལུགས་ཀྱིས་སླར་གསོ་དང་གོང་འཕེལ་གྱི་དུས་སྐབས་གསར་བ་བསུས། རྒྱ་རྒྱུད་ནང་བསྟན་ཆོས་ལུགས་ཀྱིས་དེང་རབས་ཀྲུང་གོའི་གནས་ཚུལ་ལ་བསྟུན་ནས་མི་ཆོས་ཀྱི་བསམ་བློ་སྔར་ལས་དར་སྤེལ་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་མི་ཡུལ་ནས་བལྟམས་པ་དང་། མི་ཡུལ་ནས་ཆོས་གསུངས་པ་ཡིན་ལ། སངས་རྒྱས་ཆོས་ལུགས་ནི་མ་གཞི་ནས་མི་ཡུལ་ནས་བྱུང་ཞིང་མི་ལ་ཕན་འདོགས་པའི་ཆོས་ལུགས་ཡིན་པ་ནན་གྱིས་བསྟན། དེར་བརྟེན་རབ་བྱུང་པ་དང་རབ་བྱུང་མས་སྡོམ་ཁྲིམས་ཚུལ་བཞིན་སྲུང་དགོས་པ་དང་མཉམ་དུ། སྤྱི་ཚོགས་ལ་དགེ་བའི་ལས་མང་ཙམ་སྒྲུབ་སྟེ་མི་རྣམས་ལ་ཕན་འདོགས་དགོས་པ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་ལ་རང་གི་བྱས་རྗེས་འཇོག་དགོས། ཏའོ་ཅའོ་ཆོས་ལུགས། ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱིས་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏའོ་ཅའོ་ཆོས་ལུགས་ཀྱི་ཤེས་བྱ་ཆེད་སྦྱོང་འཛིན་གྲྭ་བསྒྲུབས་ཏེ། ཏའོ་ཅའོ་ཆོས་ལུགས་པ་དང་དད་ལྡན་མང་ཚོགས་ཁྲོད་ནས་ལོ་ན་གཞོན་ཞིང་ཏའོ་ཅའོ་ཆོས་ལུགས་ཀྱི་རྨང་གཞིའི་ཤེས་བྱ་ལྡན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཏའོ་ཅའོ་ཆོས་ལུགས་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས་ནས། ཏའོ་ཅའོ་ཆོས་ཁང་གི་དོ་དམ་བྱ་བ་དང་ཆོས་ལུགས་བྱ་བ་གཉེར་དུ་བཅུག་ལ། ཏའོ་ཅའོ་ཆོས་ལུགས་པས་ཅན་བཞིའི་འཛུགས་སྐྲུན་ཐད་ལ་བྱས་རྗེས་མང་ཙམ་འཇོག་པར་ཡར་སྐུལ་བྱས་ཏེ། རིམ་བཞིན་ཏའོ་ཅའོ་ཆོས་ཁང་གིས་དཔལ་འབྱོར་ཐད་ནས་རང་ཁ་རང་གསོ་བྱེད་ཐུབ་པར་བྱས་ཤིང་། ས་གནས་ཁ་ཤས་ཀྱི་ཏའོ་ཅའོ་ཆོས་ལུགས་ལས་རིགས་ལ་ས་གནས་དེའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་རྩ་འཛུགས་སླར་གསོ་དང་ཡང་ན་གསར་འཛུགས་བྱེད་རོགས་བྱས་པ་མ་ཟད། སྲིད་ཇུས་ཀྱི་སློབ་གསོ་བཏང་ནས་ཏའོ་ཅའོ་ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་ཇེ་མཐོར་གཏོང་རོགས་བྱས་ཤིང་། ཏའོ་ཅའོ་ཆོས་ལུགས་ཀྱི་གོམས་སྲོལ་བཟང་པོ་དར་སྤེལ་བྱས་ཏེ། ཏའོ་ཅའོ་ཆོས་ལུགས་རིག་གཞུང་བགྲོ་གླེང་ཞིབ་འཇུག་བྱ་བ་བསྒྲུབས་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནི་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་རང་སྟེང་གི་ཁྱད་སྟོབས་དར་སྤེལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་ཞབས་ཞུའི་ཐད་ནས་འབད་བརྩོན་ཆེན་པོ་བྱས། དབྱི་སི་ལན་ཆོས་ལུགས། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། དབྱི་སི་ལན་ཆོས་ལུགས་ཀྱིས་རྒྱལ་གཅེས་ནི་དད་མོས་ཀྱི་ཁག་ཅིག་ཡིན་པའི་ལྟ་ཚུལ་ནན་གྱིས་བསྟན་པ་དང་རྒྱུན་འཁྱོངས་བྱས་ལ། མུའུ་སི་ལིན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་རྒྱུན་འཁྱོངས་བྱེད་དགོས་ལ། མི་རིགས་སིལ་བུར་གཏོར་བར་ངོ་རྒོལ་བྱེད་དགོས་པའི་རེ་བ་བཏོན། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་དང་ལྷག་པར་དུ་ཞིན་ཅང་གི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་ལངས་ཕྱོགས་བརྟན་ཞིང་ལྟ་བ་གསལ་བའི་སྒོ་ནས་ཆོས་ལུགས་ཐལ་སྐྱོད་རིང་ལུགས་དང་མི་རིགས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཅིང་། རྒྱལ་ཁབ་ཀྱི་ཁྲིམས་ནི་ཆོས་ཁྲིམས་ལས་ཆེ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱས་པ་དང་། ཆོས་ལུགས་ལམ་ལུགས་ལ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་གྲུབ་འབྲས་རྒྱུན་འཁྱོངས་དང་གོང་འཕེལ་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཕྱིར་བསྣུར་བྱེད་པར་ངོ་རྒོལ་བྱས་ལ། དབྱི་སི་ལན་ཆོས་ལུགས་ཀྱིས་སློབ་སྦྱོང་གཙིགས་སུ་འཛིན་པ་དང་། མཐུན་སྒྲིལ་དང་གྲོན་ཆུང་བྱེད་པ། ཆེ་བཀུར་ཆུང་བྱམས། བཟོད་སྒོམ་ཆེ་བ། ཉེ་འགྲམ་གྱི་མི་ལ་འགྲིག་མཐུན་བྱེད་པ་བཅས་ཀྱི་སྤྱོད་བཟང་རྒྱུན་འཁྱོངས་དང་དར་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་གསུམ་ལ་ཞབས་འདེགས་ཞུས། གནམ་བདག་ཆོས་ལུགས། གནམ་བདག་ཆོས་ལུགས་ཀྱིས་རྒྱལ་གཅེས་ཆོས་གཅེས་དང་བརྩི་བཀུར་བྱམས་སྐྱོང་། ཅན་བཞི་འཛུགས་སྐྲུན། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་འགན་གཙོ་བོར་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་གསུམ་ལ་ཕན་པའི་བྱ་བ་མང་པོ་བསྒྲུབས་ཏེ་གྲུབ་འབྲས་མངོན་གསལ་བླངས་ཡོད། ལྷག་པར་དུ་གནམ་བདག་ཆོས་ལུགས་ཀྱིས་རང་དབང་གིས་ཆོས་དཔོན་འདེམ་པ་དེས་རང་དབང་རང་བདག་གིས་ཆོས་ཚོགས་འཛུགས་པའི་རྩ་དོན་མཚོན་ཡོད་ལ། དེས་ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱིས་རང་དབང་རང་བདག་གིས་ཆོས་ཚོགས་འཛུགས་པའི་ནུས་པ་ཇེ་ཆེར་བཏང་ནས། ཀྲུང་གོའི་གནམ་བདག་ཆོས་ལུགས་ལས་དོན་སྔར་ལས་བདེ་བླག་ངང་གོང་འཕེལ་དུ་བཏང་ཡོད། ཉེ་བའི་ལོ་འགའི་རིང་ལ་གནམ་བདག་ཆོས་ལུགས་ཀྱིས་བསྒྲུབས་པའི་དམངས་གཙོའི་སྒོ་ནས་ཆོས་ལུགས་སྤེལ་བའི་བྱ་བ་ཡང་གོང་འཕེལ་ཆེན་པོ་བྱུང་། དམངས་གཙོའི་སྒོ་ནས་ཆོས་ལུགས་སྤེལ་བ་ནི་རང་རྒྱལ་གྱི་གནམ་བདག་ཆོས་ལུགས་རྒྱལ་གཅེས་རྩ་འཛུགས་དང་རྒྱ་ཆེའི་རྒྱལ་གཅེས་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རང་གི་སྟོབས་ཤུགས་ལ་བརྟེན་ནས། རང་རྒྱལ་གྱི་གནས་ཚུལ་དང་ཆོས་ལུགས་ཀྱི་གནས་ཚུལ་གཞིར་བཟུང་སྟེ། དམངས་གཙོའི་གྲོས་མོལ་བརྒྱུད་དེ་ཆོས་ཚོགས་ནང་ཁུལ་གྱི་དོན་དག་གལ་ཆེན་ཐག་གཅོད་པར་ཟེར་ལ། དེས་རྒྱ་ཆེའི་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་རེ་འདོད་མཚོན་ཡོད་པ་དང་། ཁོ་ཚོའི་ཆོས་ཚོགས་ཀྱི་དོན་དག་ཐག་གཅོད་པར་ཞུགས་པའི་དམངས་གཙོའི་དབང་ཆར་བརྩི་བཀུར་བྱས་ཡོད། ཡེ་ཤུ་ཆོས་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག ཡེ་ཤུ་ཆོས་ལུགས་ཀྱིས་རང་སྤེལ་དང་རང་སྐྱོང་། རང་གསོ་བཅས་ཀྱི་རྒྱལ་གཅེས་བགྲོད་ལམ་བརྒྱུད་དེ། དད་ལྡན་མང་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་བྱེད་པར་སྣེ་ཁྲིད་བྱས་པ་དང་། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཁྲོད་ཞུགས་ཏེ་གྲུབ་འབྲས་བཟང་པོ་བླངས། ཡེ་ཤུ་ཆོས་ལུགས་ཀྱིས་ཕན་ཚུན་དབང་དུ་མི་བསྡུ་བ་དང་ཕན་ཚུན་ལ་ཐེ་གཏོགས་མི་བྱེད་པ། ཕན་ཚུན་ལ་བརྩི་བཀུར་བྱེད་པ་བཅས་ཀྱི་དགོངས་པ་བཅངས་ཏེ། ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་ཆོས་ཚོགས་བར་གྱི་མཛའ་མཐུན་འབྲེལ་བ་གོང་འཕེལ་དུ་བཏང་སྟེ། མེས་རྒྱལ་གཅིག་གྱུར་གྱི་ཆེད་དུ་འབད་བརྩོན་བྱས་པ་དང་། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ལས་འགུལ་ཁྲོད་ཧུར་ཐག་གིས་ཞུགས་ཏེ་འཛམ་གླིང་ཞི་བདེ་ཡོང་བར་གསོལ་བ་འདེབས་པ་སོགས་བྱས། ཉེ་བའི་ལོ་འགའི་རིང་ལ། ཡེ་ཤུ་ཆོས་ལུགས་ལས་རིགས་ཀྱིས་ལྷའི་རིག་པའི་བསམ་བློ་སྤེལ་བ་དང་། ལྷའི་རིག་པའི་ཐད་ནས་ཡང་དག་ཅིང་འོས་འཚམ་ཡིན་པའི་འགྲེལ་བཤད་བྱས་ཏེ། རང་སྤེལ་དང་རང་སྐྱོང་། རང་གསོ་གསུམ་གྱི་རྒྱལ་གཅེས་ལས་འགུལ་འཕེལ་རྒྱས་ཆེན་པོ་གཏོང་བར་སྒུལ་ཤུགས་གསར་བ་བསྐྲུན་ཞིང་། ཡེ་ཤུ་ཆོས་ལུགས་ཀྱི་ཤན་ཤུགས་བཟང་པོ་རྒྱ་བསྐྱེད་དང་འདོན་སྤེལ་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཀྱི་ཉིང་བཅུད་དང་བཟང་ཆར་སློབ་སྦྱོང་བྱས་ནས་བསྡུ་ལེན་བྱས་ཏེ། རང་གི་ནང་དོན་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་དུ་བཏང་བ་མ་ཟད། སྤྱོད་བཟང་དར་སྤེལ་བྱས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུས་ཤིང་། རྒྱལ་ཁབ་ལ་དྲིན་ལན་འཇལ་ཏེ་ཀྲུང་གོའི་ཡེ་ཤུ་ཆོས་ལུགས་ཀྱི་སྣང་བརྙན་བཟང་པོ་བསྐྲུན། ལྷའི་རིག་པ་སྔར་ལས་འཐུས་ཚང་དུ་བཏང་སྟེ། རང་གི་སྐྱོན་ཆར་ཚོད་འཛིན་བྱས་ཏེ་མེད་པར་བཏང་བ་དང་། མི་ལ་ལས་ཡེ་ཤུ་ཆོས་ལུགས་བཀོལ་ནས་བཟོས་པའི་ཤན་ཤུགས་ངན་པ་དང་ཟིང་འཁྲུག་གི་སྣང་ཚུལ་ཞི་འཇགས་སུ་བཏང་ཞིང་། ཕྱིའི་སྟོབས་ཤུགས་ནང་ཁུལ་དུ་སིམ་འཛུལ་བྱེད་པར་འགོག་རྒོལ་བྱས་ཏེ། ཀྲུང་གོའི་ཡེ་ཤུ་ཆོས་ལུགས་བདེ་བླག་དང་རྒྱུན་ལྡན་ངང་གོང་འཕེལ་དུ་འགྲོ་བ་དང་མང་ཚོགས་ལ་ཕན་པའི་ཕྱོགས་སུ་གོང་འཕེལ་དུ་འགྲོ་བར་སྣེ་ཁྲིད་བྱས། དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་གོང་འཕེལ་དང་འགྱུར་ལྡོག་བྱུང་བར་བསྟུན་ནས། ད་ལྟ་ཀྲུང་གོར་རགས་རྩིས་བྱས་ན་ཆོས་ལུགས་སྣ་ཚོགས་ལ་དད་མོས་བྱེད་པའི་མི་དུང་ཕྱུར་གཅིག་ལྷག་ཡོད་པ་དང་། ཆོས་ལུགས་བྱ་འགུལ་སྤེལ་ས་འབུམ་གཅིག་ཡོད་ལ། ཆོས་ལུགས་མི་སྣ་འབུམ་གསུམ་ལྷག་ཡོད་པ་དང་། ཆོས་ལུགས་ཚོགས་པ་སྟོང་གསུམ་ལྷག་ཡོད། རང་ཞིང་དུ་ཆོས་ལུགས་ཆེན་པོ་ལྔ་བོ་ཚང་ཡོད་ལ། ད་ལྟ་ཆོག་མཆན་བཀོད་པ་དང་སྒོ་ཕྱེས་པའི་དགོན་པ་དང་ལྷ་ཁང་ཆོས་ཁང་ཉིས་སྟོང་ཆིག་བརྒྱ་སུམ་ཅུ་ཡོད་པ་དང་། ཆོས་ལུགས་མི་སྣ་ཁྲི་གཉིས་དང་སྟོང་དགུ་ཡོད་ལ། དད་ལྡན་མང་ཚོགས་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གཉིས་ཡོད། སྤྱིར་བཤད་ན་བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ་རང་རྒྱལ་གྱི་ཆོས་ལུགས་གོང་འཕེལ་དུ་སོང་བ་ཕལ་ཆེར་རྒྱུན་ལྡན་ཡིན། རྒྱ་ཆེའི་དད་ལྡན་མང་ཚོགས་དང་ཆོས་ལུགས་མི་སྣ་མང་ཆེ་ཤོས་ཀྱིས་རྒྱལ་གཅེས་ཁྲིམས་སྲུང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་འཛུགས་སྐྲུན་བྱེད་པ་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་ཞུགས་ཡོད་ལ། ཆོས་ལུགས་ཀྱི་བཟང་ཆ་འདོན་སྤེལ་སྔར་ལས་བཟང་པོ་བྱས་ཡོད།
ལོ་ཙཱ་བ། ཕྱུག་ལོ།