དེ་རིང་གི་ལས་རིམ་འདི་ཚན་གསུམ་དུ་བཀར་ཡོད། ཚན་པ་དང་པོ་སློབ་གསོ་མཁས་བརྒྱའི་དཔྱད་གླེང་ནང་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སྡེ་ཁག་གི་རྒན་ཆེན་མོ་ཀུན་དགའ་དབང་ཕྱུག་ལགས་སྐུད་ལམ་དུ་གདན་དྲངས་ནས་རྣལ་འབྱོར་པ་མི་ལ་རས་པའི་རྣམ་ཐར་དང་འབྲེལ་ཏེ༼ཆོས་སྒྲུབ་པ་ཞིག་གི་ཟུར་ངོས་སུ་གབ་པའི་མི་ཆོས་ལྟ་སྟངས༽ཞེས་པ་འཆད་ཁྲིད་གནང་ཡོད། ཚན་པ་གཉིས་པ་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ནང་དུ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྒན་རུ་མང་འཕྲིན་ལས་རྒྱ་མཚོ་ལགས་དང་ད་ལོའི་མཐར་ཕྱིན་སློབ་མ་ཐེབ་ཐོགས་ཕྲུག་གཉིས་ཀྱིས་དགེ་སློབ་ཕན་ཚུན་བར་ལ་སེམས་གཏམ་རྣམ་དག་ཅིག་ལབ་ཡོད། ཚན་པ་གསུམ་པ་ང་ཡི་ལང་ཚོའི་རྨི་ལམ་ནང་དུ་མཚོ་སྔོན་དགེ་ཐོན་སློབ་ཆེན་སྒྱུ་རྩལ་སློབ་གླིང་ན་གླུ་དབྱངས་སྒྱུ་རྩལ་གྱི་ཐད་ལ་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཀླུ་མོ་ཚེ་རིང་གིས་རང་ཉིད་ཀྱི་ཕུགས་བསམ་དང་འཚོལ་སྙེག་གི་ལམ་བུ་འགྲིམས་པའི་གཏམ་རྒྱུད་དང་འབྲེལ་ཏེ་༼ཕ་ལོ་མ་ལོ༽ཞེས་པའི་གཞས་སྙན་མོ་ཞིག་ཀུན་གྱི་སྙན་ལམ་དུ་ཕུལ་ཡོད།