དེ་རིང་གི་ལེ་ཚན་འདི་ཚན་པ་གཉིས་སུ་བཀར་ཡོད་ལ། ཚན་པ་དང་པོ་སློབ་རའི་གསར་འགྱུར་སྐུད་ལམ་ནང་དུ༢༠༡༤ལོའི་ཟླ༨པའི་ཚེས༡༦ཉིན། རྒྱལ་ཡོངས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས་པའི་གནས་ཚུལ་དང་ཡུལ་དངོས་བཅར་འདྲི་འགའ་བཀོད་སྒྲིག་བྱས་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་རོགས་མཐུན་གསར་སྐྲུན་ལྟེ་གནས། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་དང་མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་གནང་། གཞན་ང་ཡི་ལང་ཚོའི་རྨི་ལམ་ནང་དུ་པེ་ཅིང་ན་གློག་བརྙན་འཁྲབ་སྟོན་པའི་ཆེད་ལས་ལ་སློབ་གཉེར་བྱེད་བཞིན་པའི་སློབ་གྲོགས་འཇིགས་བྱེད་ཚེ་རིང་གིས་རང་ཉིད་ཀྱི་ཕུགས་བསམ་དང་རྨི་ལམ་གྱི་ཐད་ནས་ཁ་བརྡ་བྱས་ཡོད།