ཐེངས་འདིའི་ལེ་ཚན་ཚན་པ་གསུམ་དུ་བཀར་ཡོད་པ་དང་། ཚན་པ་དང་པོ་སློབ་རའི་གསར་འགྱུར་གྱི་ཚན་པའི་ནང་དུ་མཚོ་སྔོན་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་དོན་འགྲུབ་ཚེ་རིང་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་རའི་གསར་འགོད་པ་སྒྲོལ་དཀར་སྐྱིད། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞིང་པཎ་ཆེན་ཉིན་བཅའ་སྡོད་སློབ་ཆུང་གི་སློབ་རའི་གསར་འགོད་པ་སྐལ་བརྟན། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་རའི་གསར་འགོད་པ་པདྨ་ཚེ་རིང་། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་རའི་གསར་འགོད་པ་བློ་བཟང་བཀྲ་ཤིས་བཅས་ཀྱིས་ཁ་པར་གྱི་སྐུད་ལམ་བརྒྱུད་ནས་གཟའ་འཁོར་གཅིག་རིང་གི་སློབ་རའི་གསར་འགྱུར་སྤེལ་ཡོད་པ་དང་། གཞན་ངག་འཕྲིན་གཞོན་ནུའི་སེམས་སྒྲའི་ཚན་པའི་ནང་དུ་དགེ་རྒན་བཙུན་ཐར་ཚེ་རིང་རྒྱལ་ཞུགས་ནས་ཕ་ཡུལ་ཐེམ་ཆེན་ས་ཆའི་ཁྱིམ་ཚང་སློབ་གསོ་གཙོ་བྱས་སློབ་གསོའི་ངོས་ཐད་དུ་སེམས་གཏམ་མང་པོ་བརྗོད་ཡོད་པ་དང་ང་ཡི་ལང་ཚོའི་རྨི་ལམ་གྱི་ཚན་པའི་ནང་དུ་སློབ་ཆེན་མཐར་ཕྱིན་སློབ་མ་འཇམ་དབྱངས་རྡོ་རྗེ་ཞུགས་ནས་ཆུང་དུས་ཀྱི་རྨི་ལམ་དང་ཕུགས་བསམ་གླེང་ཡོད།
