སློབ་རའི་འགྱུར་ཁུགས་སྐབས༼༣༠༩༩༽པ། བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ། ཁག་ལྔ་བ།
2021.01.25 ཁུངས། ཀློག་གྲངས། 366

སློབ་གསོ་མཁས་བརྒྱའི་དཔྱད་གླེང་།ཚན་པ་འདིའི་ནང་དུ་༼ བོད་ཀྱི་རྩོམ་རིག་གི་གཤིན་ས་སྣུམ་པོ༽ཞེས་པའི་ཁག་ལྔ་བ་སྟེ།  གངས་རྒྱན་ན་ཆུང་ཚགས་པར་ཞེས་པའི་གླེང་གཞི་བཀོད་སྒྲིག་བྱས་ཡོད་པ་དང་། གདན་ཞུའི་སྐུ་མགྲོན་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པ་རྟ་མགྲིན་རྡོ་རྗེ་དང་རྨ་ལྷོ་ཁུལ་རེབ་གོང་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པའི་དགེ་རྒན་ཀུན་བཟང་ཚེ་རིང་ངམ་རྩོམ་པ་པོ་ཁྱུང་བཟང་གཉིས་ཡིན།

གངས་རྒྱན་ན་ཆུང་ཚགས་པར།

གདན་ཞུའི་སྐུ་མགྲོན་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པ་རྟ་མགྲིན་རྡོ་རྗེ།

འབའ་ཚེར་རྟ་མགྲིན་རྡོ་རྗེ། མདོ་སྨད་འབའ་རྫོང་དུ་སྐྱེས། མཚོ་སྔོན་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་སྲ་སྨྱུག་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་བཅས་ཡིན།

༢༠༡༠ལོའི་ཟླ༧པར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་མཚན་གནས་བླངས། སློབ་མཐར་ཕྱིན་རྗེས་མི་རིགས་སློབ་གསོའི་ལས་གནས་སྟེང་ཞུགས་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ལས་ཀ་བསྒྲུབས་མྱོང་། ༢༠༡༡ལོའི་ཟླ༡༢པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤར། བརྩམས་ཆོས་ལ《བོད་ཅེས་པའི་ཐ་སྙད་དང་འབྲེལ་བའི་གཏམ་ཐོར་བུ》དང་། 《བཀའ་གཙིགས་ཀྱི་ཡི་གེ་ལས་མིང་གཞི་ཏ་ཡིག་གི་ཚིག་ཕྲད་བྱུང་འཕེལ་སྐོར་གླེང་བ》 《བོད་ཡིག་གི་རྐྱེན་གྱི་ཡི་གེ་དབུ་ཁྱུད་དང་ཤད་ཀྱི་བྱུང་འཕེལ་དང་སྤྱོད་སྟངས་སྐོར་གླེང་བ》སོགས་དཔྱད་རྩོམ་བརྒྱད་དང་།  ཆུང་འབྲིང་སློབ་མའི་བསླབ་ཕྱིའི་ཀློག་དེབ《འཛམ་གླིང་གི་ཚན་རིག་པ་གྲགས་ཅན》དང་། 《ཀྲུང་གོའི་ཚན་རིག་པ་གྲགས་ཅན》སོགས་དེབ་བཅུ་ལྷག་ཡོད། སྔ་རྟིང་དུ་ཡིག་གཟུགས་དང་། རྩོམ་སྒྲིག གསར་འགོད། ཡིག་སྒྱུར་སོགས་ཀྱི་ཐད་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཉི་ཤུ་ལྷག་ཐོབ།

ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་མཆིས།

གདན་ཞུའི་རྩོམ་པ་པོ་ཁྱུང་བཟང་།

ཁྱུང་བཟང་། དངོས་མིང་ལ་ཀུན་བཟང་ཚེ་རིང་ཟེར། ༡༩༧༤ལོའི་ཟླ༣པར་ཡུལ་རེབ་གོང་གི་སྨད་ཕྱོགས་ཁྱུང་བོ་གསེར་གཞོང་ཁུག་ནས་ལྟེ་ཁྲག་འཕོས། ༡༩༩༥ལོར་རྨ་ལྷོ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན། ༡༩༩༨ལོའི་ཟླ༩བར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཞུགས། ༢༠༠༡ལོའི་ཟླ༩བ་ནས་དུས་ད་ལ་ཐུག་གི་བར་དུ་ཕ་ཡུལ་རེབ་གོང་ནས་དགེ་རྒན་གྱི་བྱ་བར་འབད་འབུངས་བགྱིས།

ཁོ་རང་ཆུང་དུས་ནས་རྩོམ་ཡིག་འབྲི་སྦྱོང་གི་ལས་ལ་ཞུགས་ཏེ། སྔ་ཕྱིར་ཞིང་ཆེན་ཕྱི་ནང་གི་གཞུང་སྒེར་ ཚགས་དྲ་དེབ་གསུམ་དུ་ལྷུག་རྩོམ་དང་སྙན་ངག། འབོལ་རྩོམ་གཙོ་བྱས་པའི་བརྩམས་ཆོས་སུམ་བརྒྱ་ལྷག་བཀོད་མྱོང་ལ། དེ་ལས་རྩོམ་ཡིག་མང་པོ་ཞིག་དེབ་རབས་རྩོམ་རིག་གི་དཔེ་ཚོགས་རྣམས་སུ་བདམས་ཡོད་པར་མ་ཟད། འགའ་ཞིག་རྒྱ་ཡིག་དང་དབྱིན་ཡིག་སོགས་སུའང་བསྒྱུར་ཡོད།  དེ་བཞིན་དུ་གངས་རྒྱན་ན་ཆུང་ཚགས་པར་གྱི་སྐབས་དང་པོའི་སློབ་མའི་སྦྱངས་རྩོམ་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་དང་། སྦྲང་ཆར་རྩོམ་སྒྲིག་ཁང་གི “སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ” ཡིས་མཚོན་པའི་ཞིང་ཆེན་རིམ་པའི་གཟེགས་རྟགས་ཁ་ཤས་ཀྱང་རག་མྱོང་། ད་ལྟ་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཐུན་རིན་གྲོང་ཁྱེར་མི་དམངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན།

བརྩམས་དེབ་ལ།  ༢༠༡༩ ལོར་ཟླ ༡ པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པའི “ ཁྱུང་བཟང་གི་རྩོམ་ཡིག་ཕྱོགས་བསྒྲིགས” ཏེ། 《སྐྱ་རེངས་ཀྱི་སྙིང་གཏམ》 དང་ 《འབྲོག་ཁྱི་ཞིག་གི་གཏམ་རྒྱུད》 《དྲན་པའི་སྒྲོམ》 《ངག་གི་ལང་ཚོ》 《ཅོ་ཀའི་དྲུག་འགྱུར》 《རྡོ་བའི་སྨྲ་བརྗོད》 《ཁེར་རྐྱང་གི་སྒྲུང》 《ལ་བཤད་ལུང་བཤད》 བཅས་དེབ་བརྒྱད་ཡོད་པ་དང་། མཉམ་འབྲེལ་དེབ་ལ། 《རེབ་གོང་སྒྱུ་རྩལ་ཞེས་བྱ་བའི་ཕ་ཕོག་རིན་ཆེན་བང་མཛོད》 དང་། 《རེབ་གོང་ལོ་ཆུང་སློབ་མའི་ཀློག་དེབ》 《རེབ་གོང་ལོ་ཆུང་སློབ་མའི་གཅེས་ནོར》 གཞན་ཡང་། གངས་ལྷ་མེ་ཏོག་བྱིས་པའི་རྩོམ་རིག་དཔེ་ཚོགས་ལས། ལོ་རིམ་བརྒྱད་པའི་དེབ་བཅས་ཡོད་དོ།།

ལེ་ཚན་ཐད་གཏོང་ཁང་དུ་ཁ་བརྡ་བྱེད་བཞིན་པ།

མདོ་འཛིན་པ། གནམ་སྐྱབས་རྒྱལ།

རྩོམ་སྒྲིག་པ། གནམ་སྐྱབས་རྒྱལ།

རྩོམ་འགན་པ། ཚེ་མགོན།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

རྒྱ་ཆེའི་ཉན་མཁན་རྣམ་པར་བསམ་འཆར་དང་རེ་བ་ཅི་ཡོད་ན་གཤམ་གྱི་འབྲེལ་གནས་འདི་དག་སྦྲེལ་རོགས།


ཁ་པར། 09716329322    13209737776


སྐད་འཕྲིན།  njj169682


ཡིག་ཟམ། niansai@126.com