བརྩེ་འདང་རྨ་སྟོད་ལ་བཅོལ་བའི་ཞྭ་ཐོང་གི་རོགས་སྐྱོར་གཏམ་རྒྱུད།
2019.05.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

ཞྭ་ཐོང་ནི་ཧྲང་ཧེ་གྲོང་ཁྱེར་གྱི་སྐོར་ཐེངས་གསུམ་པར་མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་ལས་བྱེད་པ་ཞིག་ཡིན་པ་དང་། ད་ལྟ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྲིད་གཞུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པའི་འགན་ཁུར་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཡོང་ནས་ཟླ་བ་གསུམ་ལྷག་ཤེས་མེད་ཚོར་མེད་ཀྱིས་འགོར། ཟླ་བ་གསུམ་པོ་དེའི་ནང་དུ། ངའི་ཚོར་བ་ཞིག་ལ་གྲོང་ཁྱེར་དུ་འཚོ་བ་རོལ་བའི་མི་ཞིག་གི་ལུས་སྟེང་གི་སྤྱོད་པ་རྣམས་རིམ་བཞིན་མེད་པར་གྱུར་བ་དང་། འདུ་འཛི་ཆེ་བའི་གྲོང་ཁྱེར་ཞིག་རང་དང་རྒྱང་དུ་གྱེས་ལ། ནང་སེམས་སུ་ལྷིང་འཇགས་ཀྱི་ཚོར་བ་ཞིག་རིམ་བཞིན་སྐྱེས་ཞིང་། འཚོ་བ་ཤིན་ཏུ་བབ་ཆགས་ཤིག་ཏུ་སྣང་།

རྨ་སྟོད་རྫོང་གི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་དང་སྟོང་ལྔ་ཡོད་པ་དང་། མི་ཁྲི་གཅིག་དང་སྟོང་ལྔ་ལས་མེད་ལ། མུས་གྲུ་བཞི་མ་རེའི་ནང་དུ་མི་གཅིག་ཡང་མེད་པ་རེད། གནས་འདི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་སུམ་བརྒྱ་ཡོད་པ་དང་། ཐོག་དང་པོར་རྨ་སྟོད་རྫོང་དུ་སླེབས་སྐབས། རང་དང་གྲིབ་མ་བཞིན་དུ་འགྲོགས་པ་ནི་ས་མཐོ་བྱུང་བ་དེ་ཡིན་ལ། ཆེས་ཆེ་བའི་དཀའ་ངལ་ནི་ཟས་རིགས་དང་འཚམ་རྒྱུ་དེ་རེད། ཟླ་གཉིས་འགོར་བ་དང་། ལུས་སྟེང་གི་ཤ་རྒྱ་མ་ཉེར་ལྔ་ལྷུང་། ངས་རང་གི་ཆུང་མར་ཀུ་རེའི་ཚུལ་དུ་ད་ཁྱེད་ཀྱིས་ང་རང་ཤ་རྒྱགས་པ་རེད་འདོད་མི་དགོས་པ་རེད་ཅེས་བཤད་མྱོང་། ཆུང་མས་ཀྱང་ཀུ་རེའི་ཚུལ་དུ་ངས་ཀྱང་ཁྱོད་རང་བརྙན་ལམ་བརྒྱུད་དེ་ལྟ་རྟོག་བྱེད་མི་དགོས་ལ། ཁྱེད་ཀྱི་སྐད་ལ་ཉན་ནས་དབུགས་ཧལ་ཧལ་བྱེད་བཞིན་པ་ཐོས་དུས་ཁྱེད་རང་རྨ་སྟོད་དུ་ཡོད་པ་ཁོ་ཐག་རེད་ཟེར། ཟླ་གསུམ་གྱི་རྗེས་སུ། ང་རང་ཁོར་ཡུག་ལ་ལོབས་པ་དང་། ལུས་ཕུང་ཇེ་བདེར་སོང་ཡང་། གནད་དོན་གཙོ་བོ་ཞིག་གནས་པ་དེ་ནི་སྐད་ཆའི་བརྡ་སྤྲོད་རྒྱུ་དེ་རེད། ས་དེའི་མང་ཚོགས་རྣམས་དང་འབྲེལ་འདྲིས་བྱེད་པའི་སྐབས་སུ་ཡུལ་དེའི་སྐད་བཤད་མི་ཤེས་པའི་དབང་གིས་ལག་བརྡ་དང་། གདོང་གི་ཉམས་འགྱུར། འཛུམ་མདངས་སོགས་ནི་ཆེས་བཟང་པའི་འབྲེལ་འདྲིས་བྱེད་ཐབས་ཤིག་ཏུ་གྱུར།

དུས་ཚོད་ཀྱི་འགྲོས་དང་བསྟུན་ནས། འགན་འཁྲི་དང་གནོན་ཤུགས་སྔར་ལས་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དང་། ལོ་གསུམ་གྱི་རྗེས་སུ། ང་ཚོས་རྨ་སྟོད་རུ་གྲུབ་འབྲས་དང་ཁ་གཡང་ཇི་འདྲ་ཞིག་འཇོག་སྲིད་དམ། སློབ་སྦྱོང་རྒྱུ་ཆ་མང་པོར་ལྟོས་ཀྱང་། རེ་རེ་བཞིན་ཞིབ་མོར་རྒྱུད་ལ་འབྱོར་དཀའ་བར་གྱུར། བྱ་བའི་འབྲེལ་བ་རིམ་བཞིན་བདེ་བླག་ཡིན་ཡང་། ཞིབ་འཇུག་བརྟག་དཔྱད་བྱས་པ་གཏིང་མི་ཟབ་པས། ཁྱོན་ཡོངས་ནས་གནས་ཚུལ་ཁོང་དུ་ཆུད་མེད་པ་རེད། ང་ཚོ་དུས་རྒྱུན་དུ་ཉིན་གཉིས་པའི་ཞོགས་པའི་བར་དུ་ལས་ཀ་བྱེད་དགོས་ཡང་། བྱ་བའི་མཐུན་སྦྱོར་སྟེང་ད་དུང་མི་འདང་ས་གནས་ཡོད་པ་རེད།

འཛུགས་སྐྲུན་རྣམ་གྲངས་དེ་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་བར་དུ་ལས་མཚམས་བཞག་པ་དང་། རྣམ་གྲངས་དེ་ལ་ནན་ཏན་གྱིས་རྟག་དཔྱད་དང་། མ་དངུལ་དེ་དུས་ལྟར་རྩིས་རྒྱག་དགོས། བརྟན་འཇགས་མ་ཡིན་པའི་རྒྱུ་ནོར་དངུལ་གཏོང་འཆར་གཞི་དེར་ད་དུང་རྣམ་གྲངས་གཅིག་ལེགས་འགྲུབ་བྱུང་ན་ལོའི་འཁོར་གཅིག་གི་འཆར་གཞི་ཡོངས་འགྲུབ་བྱས་པ་དང་། ཕྱི་ལོའི་ཁ་གཏད་རོགས་སྐྱོར་གྱི་འཆར་གཞི་དེ་ཡང་ཞིབ་ཚགས་ཀྱི་སྒོ་ནས་གྲ་སྒྲིག་བྱེད་མགོ་ཚུགས། ཉིན་རེ་རེར་ཉིན་རྒྱུན་གྱི་བྱ་བ་ཐག་གཅོད་བྱེད་བཞིན་ཡོད་པས། བྲེལ་འཚུབ་ཆེ་ཞིང་དོན་སྙིང་གིས་གཏམས་ཡོད་པ་རེད།

ཟླ་བཅུ་གཅིག་པར་ཐོན་དུས། རྨ་སྟོད་རྫོང་གི་མཚན་མོ་ཧ་ཅང་ལྷིང་འཇགས་ཡིན་ལ། རླུང་སྒྲ་ལས་སྐད་སྒྲ་གཞན་པ་ཅི་ཡང་གྲགས་རྒྱུ་མེད་ཅིང་། མཚན་མོར་ནམ་ཟླ་སྔར་ལས་ཇེ་འཁྱག་ཏུ་འགྱུར།  རྨ་སྟོད་རྫོང་དུ་ཡོད་པའི་ལས་གྲོགས་ཚོས་དུས་རྒྱུན་ཀུ་རེའི་ཚུལ་དུ་ང་ཚོ་གནས་འདི་རུ་དུས་ཚིགས་གཉིས་ཡོད་དེ། གཅིག་ནི་དགུན་ཁ་དང་། གཞན་ཞིག་ནི་ཕལ་ཆེར་དགུན་ཁའི་དུས་ཡིན་པ་དེ་ཡིན་ཟེར།

གྲང་ངར་ཆེ་བ་དང་། མཚན་མོ་རིང་བ། ལྷིང་འཇགས་ཀྱི་དགུན་ཁར་ཆེས་དྲོད་སྐྱིད་ལྡན་པ་ནི་ཕ་ཡུལ་གྱི་མིས་སེམས་ཁུར་བྱེད་པ་དེ་རེད། ཉིན་དེར། གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ་བུན་ཐའེ་ཧོས་ཡིས་རྨ་སྟོད་རྫོང་དུ་འཚམས་འདྲི་བྱས་པ་དང་། ཁོས་ཕ་ཡུལ་མང་ཚོགས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་ང་ཚོར་སེམས་ཁུར་དང་འཚམས་འདྲི་བྱེད་པ་བསྐྱལ་ཡོང་།

                                                                                                                ལོ་ཙཱ། ཚེ་རིང་སྒྲོལ་མ།