མུན་པའི་ཀློང་ནས་སྦར་བའི་སྒྲོན་མེ།
2019.05.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1185

གསར་འགོད་པས་དགེ་རྒན་ཐུན་ཙི་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ། 


སྙན་སྒྲོན་པ། བརྩེ་ལྡན་གྱི་ཉན་མཁན་རྣམ་པ། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་སྒྲུབ་བཞིན་པའི་རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་མུན་པའི་ཀློང་ནས་སྦར་བའི་སྒྲོན་མེ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་མི་རིགས་སློབ་གསོའི་ཐོག་མའི་འཕེལ་རྒྱས་ཀྱི་རྣམ་པ་དེ་གླེང་དགོས་ན། དགེ་རྒན་ཐུན་ཙི་རྒྱལ་ནི་ཅིས་ཀྱང་གླེང་དགོས་པའི་མི་སྣ་གལ་ཆེན་དེ་དག་གི་ཁྲོད་ཀྱི་གཅིག་ཡིན། དགེ་རྒན་ཁོ་རང་མཚོ་ལྷོ་དགེ་ཐོན་སློབ་གྲྭ་ནས་ཐོག་མར་སློབ་མཐར་ཕྱིན་པའི་ལོ་དེ་ནི་གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོ་ཡིན་ཞིང་། ཁོའི་མི་ཚེ་ཧྲིལ་བོ་བོད་ཀྱི་གཞི་རིམ་སློབ་གསོའི་ལས་དོན་ལ་ཕུལ་བའི་གཏམ་རྒྱུད་དེའི་དབུ་ཁྱུད་ཀྱང་འདི་ནས་ཐོག་མར་འབྲི་དགོས་པ་ཞིག་ཡིན།  གཅིག་སྟོང་དགུ་བརྒྱ་རེ་གཅིག་ལོ་ལ་མཚོན་ན་རང་རེའི་ཀྲུང་གོ་གསར་བ་དབུ་བརྙེས་པ་དང་མཚོ་སྔོན་ས་ཁུལ་བཅིངས་འགྲོལ་བྱས་ནས་ལོ་ངོ་བཅུ་ཕྲག་གཅིག་ཙམ་ལས་འདས་མེད་ཕྱིར། རྒྱལ་ཡོངས་ཀྱི་སློབ་གསོ་བྱ་བའི་འཕེལ་རྒྱས་དེ་ཆེས་དལ་བའི་དུས་རིམ་ཞིག་ཏུ་གནས་ཡོད་པ་རེད། དེ་བས་ཀོས་ནན་རྫོང་གི་གཞི་རིམ་གྱི་མི་རིགས་སློབ་གསོའི་གནས་བབ་དེ་ཡང་ཉམས་ཐག་ཅིང་ཉག་ཕྲ་བའི་གནས་སྐབས་ཤིག་ཏུ་འཕྲད་ཡོད་ཅིང་། ཞང་དང་སྡེ་བ་རིམ་པ་ན་རྟ་ཐོག་སློབ་གྲྭ་དང་སྦྲ་གུར་སློབ་ཆུང་ཙམ་ལས་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་གཅིག་ཀྱང་ཡོད་པ་མ་རེད། དེ་བས་སྐབས་དེའི་ཐབས་རྡུགས་ཀྱི་སློབ་གསོའི་གནས་བབ་དེ་འདྲ་ཡིས་ཁོང་གི་སློབ་ཁྲིད་མི་སྐྱོང་གི་ཤུགས་དྲགས་པའི་འདུན་པ་དེ་ཡོངས་སུ་བསྐང་ཐུབ་ཀྱི་མེད་པ་རེད།

དགེ་རྒན་ཐུན་ཙི་རྒྱལ་གྱི་སྐད་ཆ། དྲུག་ཅུ་རེ་གཅིག་ལོའི་ཟླ་བདུན་པར་ང་རང་མགོ་མང་དུ་ཡོང་ནས་ལོ་གཅིག་དང་ཕྱེད་ཀར་བསྡད། སྐབས་དེར་སློབ་གསོ་བཟུང་བ་དེ་འདྲའི་ལེགས་པོ་ཞིག་མ་རེད། སྐབས་དེར་འབྲོག་རུའི་ཤ་རྒྱ་ནས་ཀྱང་ཟླ་ལྔ་དྲུག་ཞིག་ལ་སློབ་མ་ཉེར་གཅིག་ཉེར་གཉིས་ཙམ་ལ་སློབ་ཁྲིད་འདྲ་བྱས་ནས་བསྡད་མོད་སློབ་ཁང་ཡང་མེད་ཁུ  དེ་ནས་མགོ་མང་ཇོ་སེར་སྡེ་བར་སོང་ནས་བྱིས་པ་ཚོར་སློབ་ཁྲིད་བྱས་ནས་བསྡད་པ་དང་། སློབ་ཁང་ཡང་མེད་པས་སྡེ་བའི་རུ་ཆེན་གྱི་ནང་ནས་ཁང་བ་ཞིག་གཡར་བ་དང་དེ་ལྟར་ལོ་གཅིག་ཙམ་སོང་། དེའི་ནང་ནས་སློབ་མ་བདུན་བརྒྱད་ཅིག་གིས་རྗེས་སུ་བྱ་བ་ལས་བཞིན་ཡོད་པ་དང་། དེའི་ནང་གི་སློབ་མ་གཅིག་གཉིས་ཤིག་གིས་ཞང་གཙོ་དང་ཧྲུའུ་ཅིའི་འགན་ཡང་ཁུར་ཡོད་པས་ངས་བལྟས་ན་ཆོག་གི

སྙན་སྒྲོན་པ། དེ་ལྟར་གཏན་ཆགས་ཀྱི་སློབ་གྲྭ་ཞིག་ཕར་ཞོག   ཐ་ན་བྱིས་པ་རྣམས་སྡོད་སའི་སློབ་ཁང་གཅིག་ཀྱང་མེད་པ་དེ་སྐབས་དེར་ས་གནས་ཀྱི་མི་རིགས་སློབ་གསོའི་ལས་དོན་ལ་ཤ་ཞེན་ཆེ་བའི་དགེ་རྒན་ཐུན་ཙི་རྒྱལ་ལགས་ལ་མཚོན་ན། ཁོའི་ཁ་གཏད་དུ་ལངས་པའི་དཀའ་གནད་ཉག་ཅིག་ཅི་ལ་མིན། ཡིན་ཡང་ཁོས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་དེ་བྱ་བའི་སྒུལ་ཤུགས་སུ་བརྩིས་ནས། དུས་དེ་ནས་བཟུང་སྟེ་ཁོ་རང་སྡོད་སའི་གཞི་རིམ་གྱི་ཞིང་སྡེ་དག་ནས་བཅའ་སྡོད་ལམ་ལུགས་ཀྱི་སློབ་ཆུང་འཛུགས་པར་སེམས་ཐག་བཅད།

དགེ་རྒན་ཐུན་ཙི་རྒྱལ།  སུམ་མདོའི་འབའ་ཐ་མའི་ས་ཆ་འདིར་ཡོང་ནི་རེད། དེ་དུས་འདི་ན་སློབ་གྲྭ་གཅིག་ཀྱང་མེད་ཁུ དེ་དུས་དགེ་རྒན་ཚོགས་འཕེལ་ཟེར་བ་ཞིག་ཡོད། ངེད་གཉིས་ཀྱིས་སྐབས་དེའི་རུ་ཁག་སོ་སོར་བཤད་ནས་སློབ་མ་བདུན་ཅུ་བརྒྱད་ཅུ་ཞིག་བསྡུས་པ་ཡིན། ཡིན་ནའང་ད་ནི་སློབ་ཁང་མེད་པས་བརྩོན་བསྲི་སློབ་སྒྲུབ་བྱེད་དགོས་ཟེར་ནས་ས་དོང་གསུམ་བརྐོས་པ་དང་དེར་སློབ་མ་བདུན་ཅུ་བོ་འཛིན་གྲྭ་གསུམ་དུ་བགོས་ནས་སློབ་ཁྲིད་བྱས་པ་ཡིན། ད་སྐབས་དེར་མཚོན་ན་ཟ་མ་དཀའ་ནི་རེད། དེ་ཚོ་གྲོན་ཆུང་འདྲ་བྱས་ནས་སློབ་གྲྭ་ཅུང་ཡག་པོ་ཞིག་ཚུགས་སོང་། ད་དེ་ལྟར་སྡུག་ཀྱང་མྱངས་ཐལ། དེ་ལྟར་ལོ་གཉིས་གསུམ་ཞིག་ལ་སློབ་ཁྲིད་བྱེད་སྐབས་སུ་འབའ་ཐ་མ་འདི་རྩེ་ཁོག་རྫོང་ལ་སྦྱར་དང་ཐལ། སྐབས་དེར་རྩེ་ཁོག་གིས་ང་བསླངས་ཀྱང་ཀོས་ནན་རྫོང་གིས་ང་རང་མ་བྱིན་ཐལ། ད་དེ་ནས་ཡང་སུམ་མདོ་ཞང་ལ་སོང་བ་ཡིན། སོང་དུས་དེ་ན་ཡང་སློབ་གྲྭ་མེད་ཁུ། དེ་ནས་ཉིན་ཞིག་ལ་སུམ་མདོ་ཞང་གིས་ཞང་ཏང་ཨུའི་ཚོགས་འདུ་བསྡུས་ཏེ། དེའི་སྟེང་དུ་ང་དང་པའེ་སློབ་གཙོ་ཟེར་བ་དེ་གཉིས་ཀྱང་བོས་ནས།  ཁྱོད་གཉིས་ཀྱིས་སུམ་མདོ་ཞང་དམར་ལྡང་ཆ་ཚང་གཏན་སྡོད་སློབ་ཆུང་ཟེར་བ་དེ་ཡིན་གཅིག་མིན་གཉིས་འཛུགས་དགོས་ཟེར། དེ་ནས་ངེད་གཉིས་ཕྱོགས་ཡར་མར་ལ་སྡོང་བོ་ཉོ་བ་དང་སྨྱུག་མ་ཉོ་རུ་འགྲོ་བ་སོགས་བྱས་ནས་ཟླ་བཞི་ལྔ་ཙམ་གྱི་རིང་ལ་སྡུག་མང་པོ་མྱངས།  ད་སྐབས་དེར་ཟླ་ཕོགས་དམའ་ནི་རེད་རླངས་འཁོར་དང་ཤིང་རྟ་སོགས་ཀྱང་རང་གིས་བཀོད་སྒྲིག་བྱེད་དཀའ་བས་རྐང་ཐང་དུ་ཡང་མང་པོ་འགྲོ་མྱོང་།  གང་ལྟར་དེ་ལྟར་བྱས་ནས་ལོ་དེའི་ཟླ་བཅུ་བར་ཐོན་དུས་ཁང་པ་གྱན་ཉེར་བཞི་དང་སློབ་ཁང་གྱན་བཅུ་ཐམ་པ་ལས་ནས་སློབ་གྲྭ་དེ་མི་འདྲ་བ་ཞིག་འཛུགས་ཐུབ་པ་བྱུང་བས་སུམ་མདོ་ས་ཁུལ་ནས་སློབ་གྲྭ་འགྲུབ་པའི་དགའ་སྟོན་ཀྱང་བྱས་པ་ཡིན། ལོ་དེ་ཚོར་མཚོན་ནཡང་སྡུག་ཟེར་བ་མ་མྱངས་པའི་བསམ་པ་ཞིག་མེད་མོད།  ཡིན་ནའང་རང་གིས་ཀྱང་ད་ནི་ཅིས་ཀྱང་དགེ་རྒན་ཞིག་ཏུ་གྱུར་སོང་ནི་རེད། ཏང་གི་མགོ་ཁྲིད་ཀྱི་རྒྱབ་སྐྱོར་འོག་ནས་མུ་མཐུད་དུ་ཧུར་བརྩོན་བྱེད་དགོས་བསམ་ནས་དེ་ལྟར་བསྒྲུབས་ནི་ཡིན།


གཅིག་སྟོང་དགུ་བརྒྱ་གྱ་དྲུག་ལོར་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ས་པེ་ཅིན་ནས་ཕུལ་བྱུང་དགེ་རྒན་རྣམས་ལ་མཇལ་འཕྲད་གནང་བའི་མཉམ་པར། 

སྙན་སྒྲོན་པ།དེ་ལྟར་དགེ་རྒན་ཐུན་ཙི་རྒྱལ་ལགས་ཀྱིས་སྐབས་དེའི་ཐབས་ཆག་གི་འཚོ་བའི་ཁོར་ཡུག་ཏུ། གཞི་རིམ་གྱི་སློབ་གསོའི་རྟེན་གཞི་མང་པོ་ཞིག་གསར་དུ་བཙུགས་ཤིང་། གངས་འདབས་དང་རྩྭ་ཐང་དུ་བཞད་པའི་མེ་ཏོག་ལྟ་བུའི་བོད་རིགས་བྱིས་པ་མང་པོ་ཞིག་ལ་ཤེས་རིག་གི་སྒོ་ཆེན་འགྲིམ་པའི་འོད་ཀྱི་སྒྲོན་མེ་སྦར་བ་དེས། ཁོ་རང་འཚོ་བཞེས་བྱེད་སའི་ས་གནས་དེའི་སློབ་གསོའི་སྡེ་རུ། ཁོ་ལ་སྙན་གྲགས་ཆེས་ཆེར་རྒྱས་པར་མ་ཟད་གདེང་འཇོག་ཀྱང་ཆེན་པོ་བྱེད་ཀྱིན་ཡོད། ཡང་གཅིག་བཤད་ན་སྐབས་དེར་ས་གནས་གང་གི་སློབ་སྒྲུབ་བྱ་བར་དཀའ་ངལ་ལ་འཕྲད་ཚེ་ཅིས་ཀྱང་ཁོ་རང་འགྲོ་དགོས་པ་ཞིག་ཏུ་འང་གྱུར་ཡོད་པ་རེད། ཡིན་ནའང་སྐབས་དེར་ཤ་དར་ཁྲག་དར་གྱི་དགེ་རྒན་ཁོ་ལ་མཚོན་ན་ལེ་བདའ་དང་འཁང་ར་ཅི་ཡང་མེད་པར་སྤོབས་པ་ཆེན་པོས་གོང་རིམ་གྱི་བཀོད་སྒྲིག་དང་ལེན་བྱེད་ཀྱི་ཡོད་པ་ཞིག་རེད།

དགེ་རྒན་ཐུན་ཙི་རྒྱལ། བདུན་ཅུ་དོན་དགུ་ཡི་ལོར་ཐོན་དུས། ཐར་ཤུལ་གྱི་སློབ་གྲྭ་ཅང་ང་མ་རིག་ཐལ། ད་ཡང་ཁྱོད་ཐར་ཤུལ་ལ་འགྲོ་དགོས་ཟེར།  ད་ཐུག་གི་བར་རང་གིས་ཧུར་བརྩོན་བྱས་ནི་རེད། ད་རང་གི་ལོ་ཡང་ཅིག་ག་ཐོན་དང་ཟིག ད་ཧུར་བརྩོན་བྱེད་རིན་རེད། ད་ཡང་འགྲོ།  དེ་ལྟར་བསམ་ནས་ད་རྐང་ཐང་ང་ཐར་ཤུལ་དུ་སོང་བ་ཡིན། རྒྱ་རྩིས་ཀྱི་བཞི་བའི་ནང་ཞིག་ཡིན་ཉིན་དེར་ཁངས་ཤིག་ཀྱང་འབབ་བཞིན་འདུག སློབ་གྲྭ་དེ་ཚོགས་ནས་ཅུང་ཙམ་འགོར་འདུག ང་ཐོན་དུས་སློབ་གྲྭ་དེ་ན་དགེ་རྒན་ལྔ་དྲུག་ཅིག་ཡོད་ཁུ ཁོ་ཚོ་སུས་ཀྱང་ང་ཤེས་ནི་མ་རེད། ང་ཐོན་རྗེས་སུ་སློབ་གྲྭའི་ནང་དུ་སྐོར་བ་ཞིག་བྱས་ནས་བལྟས་པ་ན་སློབ་ཁང་ཚང་མ་ཞིག་འདུག་པ་དང་བྱིས་པ་ཚོའི་ཉལ་ཁང་ཡང་ཞིག་འདུག བྱིས་པ་ཚོའི་ཉལ་ཁང་ཞིག་གི་ནང་ན་ཕག་བཅུ་གཅིག་ཉལ་ནས་འདུག  དེ་ནས་ངའི་སེམས་ཀྱང་ཅུང་ཙམ་ཕམ་ཐལ། དེ་ནས་ཟླ་བཞི་བ་ནས་མགོ་བརྩམས་ཏེ་སློབ་གྲྭ་དེ་ལས་མགོ་བརྩམས་པ་དང་ཟླ་བདུན་པར་ཐོན་དུས་ཁང་པ་གྱན་ཉི་ཤུ་ལས་པ་དང་ར་སྐོར་ཐམས་ཅད་བདེ་ཐང་སྙོམས་ནས་ཕྱི་ར་ཐམས་ཅད་བསྐོར་བ་ཡིན། ལོ་དེར་ང་རང་རུ་ཁག་སོ་སོར་སོང་ནས་ཅི་ནུས་གང་ཐབས་ཀྱིས་སློབ་མ་བརྒྱ་དང་སུམ་ཅུ་ཙམ་ཞིག་བསྡུས་པ་ཡིན། ཞོར་དུ་ཡར་མར་ཆ་བོ་སོང་ནས་མ་དངུལ་འགའ་རེ་ཡང་བསླངས་ནས་སློབ་གྲྭ་བོ་ར་འགྲུབ་ཐལ། ད་དེ་ལྟར་སུམ་མདོ་དང་ཐར་ཤུལ་གཉིས་ནས་ལོ་ལོན་སོང་། ད་མི་ཚེ་ཡི་ཅིག་ཅིག་བཟང་འགངས་དེ་དེ་ལྟར་སློབ་གསོ་ལ་བསྟུན་དང་ནི་རེད། བརྒྱད་ཅུ་གྱ་གཅིག་གྱ་གཉིས་ཀྱི་སྐབས་དེར་ཐོན་དུས། རྒྱལ་སྲས་དང་རྟ་ལུང་། ཤེའུ་དཀར། རྫ་རྒན་སོགས་ཀྱི་གཏན་སྡོད་སློབ་གྲྭ་དྲུག་བདུན་བོ་དེ་དག་ཀྱང་རིམ་གྱིས་ལས་པ་དང་། དེ་དག་ལས་སློབ་མའང་བཞི་བརྒྱ་ལྷག་ལ་བུད་པས་སྤྱིར་ཐར་ཤུལ་ས་ཁུལ་གྱི་སློབ་ཞུགས་ཀྱི་ཚད་དེ་བརྒྱ་ཆའི་དོན་གཉིས་ལ་བུད་པ་དང་།  དེ་ནས་ལོ་གཅིག་གཉིས་ཤིག་ལ་འབད་བརྩོན་བྱས་པར་བརྟེན། བརྒྱད་ཅུ་གྱ་བཞི་གྱ་ལྔ་ཐོན་དུས་ད་ཐར་ཤུལ་གྱི་སློབ་ཞུགས་ཚད་དེ་བརྒྱ་ཆའི་གྱ་དྲུག་ལ་བུད་པས་སློབ་ཞུགས་ཀྱི་ཚད་དེ་ཀོས་ནན་རྫོང་ཡོངས་ནས་ཨང་དང་པོར་གྱུར་པ་རེད། དེ་ལྟར་བྱ་བ་དེ་དག་ལ་འབད་བརྩོན་བྱས་ནས་བསྡད་དེ་ང་དགེ་རྒན་བྱས་པའི་ལོ་སོ་ལྔའི་རིང་ལ་དབྱར་གནང་དགུན་གནང་སྐབས་སུ་ཡང་ངལ་གསོ་བྱས་མ་མྱོང་ལ་རྒྱུན་ལྡན་གྱི་སློབ་ཁྲིད་བྱེད་སྐབས་སུ་ཉིན་གསུམ་ལའང་གནང་བ་ཞུ་མ་མྱོང་། སྐབས་དེར་རང་གི་ཕུང་བོ་ཡང་ཤིན་ཏུ་བཟང་གི  ད་ཏང་གིས་རང་ཉིད་ལ་འདི་ལྟར་བཀོད་སྒྲིག་བྱས་དང་ན་ཧུར་བརྩོན་བྱེད་དགོས་ནི་རེད་བསམ། སྤྱིར་ན་རང་གི་ཁྱིམ་ཚང་ནི་སྐབས་དེར་དབུལ་བོ་ཞིག་ཡིན། ཡིན་ནའང་ཏང་གི་བཀའ་དྲིན་བརྗེད་མི་ཉན་གི   དེ་བས་ཏང་གི་བཀའ་དྲིན་ཡིད་ལ་དྲན་པ་དང་མི་རིགས་སློབ་གསོ་འདི་ཡར་རྒྱས་གོང་འཕེལ་དུ་ཨེ་འགྲོ་བསམ་ནས་ཧུར་བརྩོན་བྱས་པ་ཡིན

སྙན་སྒྲོན་པ། དཀའ་སྡུག་གི་རྔུལ་ཆུ་གཏོར་ས་ནས་འབྲས་བུའི་མེ་ཏོག་བཞད་པ་ནི་ཆོས་ཉིད་དུ་སྲིད་པས། སྐབས་ཤིག་ལ་དུས་སྐབས་དེའི་གསར་འགྱུར་སྨྱན་བྱད་ཀྱི་སྡེ་མང་པོ་ཞིག་ན་འབའ་ལུ་གུ་ཐང་གི་མེ་ཏོག་རྐང་གཅིག་ཅེས་པ་སོགས་དགེ་རྒན་ཐུན་ཙི་རྒྱལ་ལགས་ཀྱི་གནས་ཚུལ་བཀོད་པ་མང་དུ་སྣང་ལ། ལོ་མང་པོར་ཁོ་རང་བསྟུད་མར་རྫོང་དང་ཁུལ། ཞིང་ཆེན་དང་རྒྱལ་ཡོངས་རིམ་པའི་ཕུལ་བྱུང་དགེ་རྒན་དུ་འདེམས་པ་དང་། ལྷག་པར་དུ་གཅིག་སྟོང་དགུ་བརྒྱ་གྱ་དྲུག་ལོར་ཁོ་རང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དུ་འདེམས་ནས། རྒྱལ་ས་པེ་ཅིན་དུ་བསྐྱོད་དེ་སྐབས་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཕིན་སོགས་ཀྱིས་དངོས་སུ་མཇལ་འཕྲད་གནང་བ་དེས་ཁོང་གི་སེམས་སུ་སྔར་མེད་ཀྱི་སྤོབས་པའི་མེ་དཔུང་ཞིག་དྲག་ཏུ་འཕྱུར་བར་བྱས།

དགེ་རྒན་ཐུན་ཙི་རྒྱལ།  ད་དེ་ལྟར་ངས་ཀྱང་རང་གི་ཚོད་ཀྱིས་རྒྱལ་ཁ་ཞིག་བླངས་ཡོད་འདོད་ཡོད།  ད་རྫོང་དང་ཁུལ། ཞིང་ཆེན། ཀྲུང་དབྱང་རིམ་པ་ནས་དགའ་རྟགས་ཀྱང་མང་དུ་བྱིན་ཐལ།  དེ་ལྟར་ད་སུམ་མདོ་དང་ཐར་ཤུལ་ས་ཆ་གཉིས་ནས་སྡུག་ཅི་ཞིག་ཡོད་ན་འང་དེ་ནས་མྱངས། བྱས་རྗེས་ཤིག་ཡོད་ནའང་དེ་ནས་བཞག་ཡོད་ནི་རེད། ད་ཁ་སང་དེ་རིང་འདི་ལྟར་བལྟས་ན་གུང་ཁྲན་ཏང་གི་མགོ་ཁྲིད་འོག་རང་ཉིད་ཀྱིས་སྐྱེད་སྲིང་བྱས་པའི་སློབ་མ་དེ་དག་གི་ཁྲོད་དུ། ཁའོ་རིམ་པའི་སློབ་མ་བརྒྱ་དང་གྱ་དྲུག་དང་དེའི་ཁྲོད་རྫོང་དཔོན་ཀྱང་རེ་འགའ་ཡོད། ཁུལ་རིམ་པའི་ཅུའུ་ཀྲང་རེ་འགའ་ཡང་ཡོད། ད་དེ་མིན་སྤྱིར་བཏང་གི་ལས་བྱེད་པ་སོགས་མང་དུ་ཡོད་ནི་རེད།  ད་དེ་གཙོ་བོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག  རང་གི་འབད་བརྩོན་ལ་བརྟེན་པས་ད་གཟོད་གཟི་བརྗིད་འདི་འདྲ་ཞིག་ཐོབ་ནི་རེད། ད་སྤྱི་ནས་མདོར་བསྡུས་ཤིག་བཤད་ན་དེ་འདྲ་ཞིག་རེད།

གསར་འགོད་པ།  རེད་ལགས།  དགེ་རྒན་ད་ལྟ་ཁྱེད་རང་དགུང་ལོ་དོན་དྲུག་གི་སྐབས་འདིར། སྤྱིར་གཞི་རིམ་གྱི་མི་རིགས་སློབ་གསོའི་སྡེ་ཟེར་ནའང་འདྲ། ལྷག་པར་དུ་མང་རྫོང་ས་ཁུལ་གྱི་མི་རིགས་སློབ་གསོའི་སྡེ་དང་ནང་སྒོས་སུ་ཁྱེད་རང་གིས་མི་ལོ་སོ་ལྔ་ལྷག་གི་རིང་ལ་དཀའ་སྡུག་གི་རྔུལ་ཁྲག་གཏོར་སའི་ཐར་ཤུལ་དང་སུམ་མདོ་གཉིས་ཀྱི་གཞི་རིམ་གྱི་མི་རིགས་སློབ་གསོའི་སྡེ་ལ་རེ་བ་འདྲ་འདོན་རྒྱུ་ཨེ་ཡོད།

དགེ་རྒན་ཐུན་ཙི་རྒྱལ། རེད་ཡ། ད་རེ་བ་ཟེར་ན་ར་ང་འདྲ་བ་ཞིག་ལ་ཆེན་པོ་ཞིག་བཤད་རྒྱུ་ཡོད་ནི་མ་རེད། ཡིན་ཡང་མ་འོངས་པར་ས་ཁུལ་འདི་གཉིས་ཀྱིས་མི་རིགས་སློབ་གསོ་འདི་དམ་འཛིན་བྱས་ནས་ཚང་མས་བྱིས་པ་རྣམས་སློབ་གྲྭར་བསྐྱལ་བ་དང་། རྩྭ་ཐང་གི་བདག་པོ་ཉན་ནི། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་ཞབས་འདེགས་ཞུ་ཐུབ་མཁན། གུང་ཁྲན་ཏང་ལ་ཞབས་འདེགས་ཞུ་ཐུབ་མཁན་གྱི་རིག་གནས་ཅན་གྱི་སློབ་མ་མང་པོ་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་ད་དགེ་རྒན་རྣམ་པ་ཡིན་ན་ཆོག་གི  རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་ཡིན་ན་ཆོག་གི་འདི་ལ་གཙིགས་འཛིན་བྱེད་རྒྱུའི་རེ་བ་ཡོད་ཁུ།

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་མུན་པའི་ཀློང་ནས་སྦར་བའི་སྒྲོན་མེ་ཞེས་པ་དེ་ཡིན། ཁྱེད་ཚོས་གསན་པར་ཐུགས་རྗེ་ཆེ།

གསར་འགོད་པ། གཡང་འབུམ་རྒྱལ།

རྩོམ་འགན་པ།ཨ་བརྟན་རྒྱལ།
ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།