དམངས་སེམས་ཀྱི་ཧྲུའུ་ཅི་བཟང་བོ།
2019.05.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 144


གསར་འགོད་པས་སྟོང་སྐོར་ཚེ་ཕྱུག་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ། 

སྙན་སྒྲོན་པ། བརྩེ་ལྡན་གྱི་ཉན་མཁན་རྣམ་པ། ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་སྒྲུབ་པའི་རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི་ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དམངས་སེམས་ཀྱི་ཧྲུའུ་ཅི་བཟང་བོ་ཞེས་པར་གསན་རོགས་གནོངས།

སྙན་སྒྲོན་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཞང་སྟོང་སྐོར་སྡེ་བ་ནི་ཕྱུགས་ལས་གཙོར་བཟུང་སྟེ་ཞིང་ཕྱུགས་གཉིས་ཀ་གཉེར་བཞིན་པའི་སྡེ་བ་ཞིག་ཡིན། སྡེ་བ་དེའི་སྤྱིའི་འཕེལ་རྒྱས་དང་འགྱུར་ལྡོག་གི་སྐོར་ནས་གླེང་དགོས་ན། ལོ་ངོ་ཉེར་ལྔ་ལྷག་གི་རིང་ལ་སྡེ་བ་དེའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་མྱོང་བའི་མི་སྣ་ཞིག་ཅིས་ཀྱང་གླེང་དགོས་ཏེ། ཁོ་ནི་རང་ལོ་བཅོ་བརྒྱད་ཀྱི་སྟེང་ནས་བཟུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་སྟོང་སྐོར་ཚེ་ཕྱུག་རྒྱལ་རེད། གསར་འགོད་པ་ཁོ་དང་འཕྲད་ནས་ཁ་བརྡ་བྱེད་དུས་ཁོས་བཤད་རྒྱུར།

སྟོང་སྐོར་ཚེ་ཕྱུག་རྒྱལ་གྱི་སྐད་ཆ། སྔོན་ཆད་དགུ་བཅུ་ཐམ་པ་ལོའི་སྐབས་དེ་ཙམ་ལ་ས་ཆ་འདི་རུ་སྡེ་བ་དང་སྡེ་བའི་བར་དང་ཞང་དང་ཞང་གི་བར། རྗོང་དང་རྫོང་གི་བར་ན་ཡང་རྩྭ་ས་རྩོད་གླེང་གི་གནས་ཚུལ་དེ་ཅུང་ཛ་དྲག་ཆེ། དེ་ཡང་གཙོ་བོ་ཕྱུགས་ལས་གཉེར་མཁན་ཞིག་ཡིན་ན་གཙོ་བོར་རྩྭ་སར་བརྟེན་དགོས་པས་རེད། དེ་ཡིན་ན་རང་ཉིད་ཀྱིས་ཀྱང་ཏང་ཀྲི་པུའུ་ཡི་འགན་འདི་འདྲ་ཞིག་ཁུར་ཡོད་པས་ཧུར་བརྩོན་བྱས་ཏེ་ཕྱོགས་དེ་དག་ལ་འདུམ་འགྲིག་བྱས་པ་དང་། མི་སེམས་བརྗེ་རེས་བྱེད་དུ་བཅུག་ནས་རྩྭ་སའི་རྩོད་གླེང་དེ་དག་འདུམ་འགྲིག་བྱེད་པའི་ཐད་ལ་ནུས་པ་བཏོན་ནི་རེད།

སྙན་སྒྲོན་པ།སྡེ་བ་ཞིག་དང་ཡང་ན་ས་གནས་གང་ཞིག་ཡིན་རུང་ས་གནས་དེའི་མི་རྣམས་ཀྱི་བསམ་བློ་དང་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་སུ་འགྲོ་དགོས་ན།   སློབ་གསོ་དམ་འཛིན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། སློབ་གསོ་ནི་འཕེལ་རྒྱས་ཀུན་གྱི་སྲོག་རྩ་ལྟ་བུ་ཡིན་པའི་གནས་ལུགས་དེ་སྟོང་སྐོར་ཚེ་ཕྱུག་རྒྱལ་གྱིས་སྔ་མོ་ནས་རྟོགས་ཡོད།  ཡིན་ནའང་ལོ་རབས་དགུ་བཅུ་བའི་སྐབས་དེ་འདྲ་ཞིག་ལ་མཚོན་ན་ད་དུང་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་བྱིས་པ་སློབ་གྲྭར་བསྐྱལ་བའི་འདུ་ཤེས་ཞན་པ་དང་། ཐ་ན་རང་གི་བྱིས་པ་སློབ་གྲྭ་ནས་ཕྱིར་འཐེན་བྱེད་ཅི་ཐུབ་བྱེད་མཁན་ཡང་མང་པོ་ཞིག་ཡོད། གནས་ཚུལ་དེའི་བཀག་འགོག་དང་བྱིས་པ་སློབ་གྲྭར་བསྐྱལ་བར་རྟིང་སྐུལ་བྱེད་པར་ཚེ་ཕྱུག་རྒྱལ་གྱིས་ནུས་པ་བཏོན།

སྟོང་སྐོར་ཚེ་ཕྱུག་རྒྱལ། སྐབས་དེར་མཚོན་ན་བྱིས་པ་སློབ་གྲྭར་ཡང་དེ་འདྲ་མི་བསྐྱལ་ནི། རོང་འབྲོག་མང་ཚོགས་ལ་མཚོན་ན་བྱིས་པ་སློབ་གྲྭར་མི་བསྐྱལ་བའི་གནད་དོན་ཡོད་ཁུ དེ་ཡིན་ན་རང་ཉིད་ནི་ཏང་གིས་སྐྱེད་སྲིང་བྱས་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ཡོད་མཁན་ཞིག་ཡིན་པས། རོང་འབྲོག་མང་ཚོགས་རྣམས་ལ་སློབ་མ་སློབ་གྲྭར་བསྐྱལ་ན་རྗེས་ཕྱོགས་སུ་བཟང་ཆ་ཡོད་ཚུལ་སྐོར་གྱི་སློབ་གསོ་བཏང་ནས་སློབ་མ་སློབ་གྲྭར་བསྐྱལ་དུ་བཅུག   ཕྱོགས་གཞན་ཞིག་ནས་རང་སྟོབས་རང་སྤེལ་བྱས་ཏེ་ལོ་རེ་འགའི་རིང་ལ་རང་སྟེང་ནས་སྒོར་མོ་ཁྲི་ཉི་ཤུ་ལྷག་བཏང་ནས་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་མང་པོ་ཞིག་སློབ་གྲྭར་འགྲོ་བའི་ཐད་ལ་རོགས་རམ་དང་སྣེ་ཁྲིད་བྱེད་པའི་བྱ་བ་བསྒྲུབས།

སྙན་སྒྲོན་པ།  སྐབས་དེར་སྟོང་སྐོར་སྡེ་བར་མཚོན་ན་རོང་འབྲོག་མང་ཚོགས་ཀྱིས་ཞིང་ལ་ཆུ་གཏང་བར་དཀའ་ཁག་ཤིན་ཏུ་ཆེ་བར་མ་ཟད། རྩྭ་ས་ཞན་འགྱུར་གྱི་གནས་ཚུལ་ཡང་ཤིན་ཏུ་ཚབས་ཆེ་བས་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་དཀའ་ཁག་མང་པོ་ཞིག་ལ་འཕྲད་ཡོད་པ་རེད། དེ་བས་སྟོང་སྐོར་ཚེ་ཕྱུག་རྒྱལ་གྱིས་རང་ཉིད་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། དོན་དག་དེ་དག་རེ་རེ་བཞིན་ཐག་གཅོད་བྱེད་རྒྱུ་ནི་རང་གི་ཕྲག་སྟེང་དུ་བབ་པའི་འོས་འགན་ཡིན་པའི་ངེས་ཤེས་སེམས་ལ་གསལ་བོར་འདྲོངས་པར་བྱས་ཏེ། རང་ནུས་ཡོད་ཚད་ཀྱིས་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་ཁག་དེ་དག་རེ་རེ་བཞིན་གདོང་གིས་བསུ་མགོ་བརྩམས།

སྟོ་སྐོར་ཚེ་ཕྱུག་རྒྱལ། སྐབས་དེར་མཚོན་ན་མི་དམངས་མང་ཚོགས་ཀྱིས་ཞིང་ལ་ཆུ་གཏང་བར་དཀའ་ཁག་ཆེན་པོ་ཡོད།  རང་ཉིད་ཀྱིས་གནས་ཚུལ་དེ་གོང་རིམ་ལ་ཡར་ཞུ་དང་ལས་གཞི་བརྩོན་ལེན་བྱས་ནས་དེར་ཆུ་མཛོད་ཅིག་བསྐྲུན་པ་དང་། དེར་གཅིག་ནས་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་བ་དང་གཉིས་ནས་སྡེ་བཞི་མི་རིགས་ཀྱིས་སྒོར་མོ་མང་པོ་ཕུལ་བ། དེའི་ཁར་རང་ཉིད་ཀྱིས་ཀྱང་སྒོར་མོ་ཁྲི་བཞི་ལྔ་ལྔ་དྲུག་ཅིག་ཞིག་གི་མ་དངུལ་སྒེར་ནས་ཕུལ་བ་ཡིན། དེ་ལྟར་ད་ལྟ་ཞིང་འདེབས་པར་ཆུ་གཏང་བར་དཀའ་ཁག་མེད་པར་བྱས་ཡོད། དེ་ལས་གཞན་སྐབས་དེར་ང་ཚོ་ཆོས་རྗེ་ཡུལ་ཚོ་འདི་རུ་བྱེ་ཐང་ཆེ་བའི་དབང་གིས་རླུང་ཆེ་བ་དང་རླུང་གཡུགས་དུས་ས་རྡུལ་ཆེ་བ་རེད། དེ་བས་ང་ཚོས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ཐད་ནས་གོང་རིམ་ལ་ཡར་ཞུ་བྱས་པ་དང་། རྨོ་བསྐྱུར་ནགས་འདེབས་ཀྱི་ཕྱོགས་ནས་ལོ་དུ་མའི་རིང་ལ་རང་ཉིད་ཀྱིས་སྣེ་ཁྲིད་ནས་ས་མུའུ་ཁྲི་གཅིག་ལྷག་ལྗང་བསྒྱུར་བྱས་པས་ད་ལྟ་རླུང་གཡུགས་ན་ཡང་ས་རྡུལ་ཆེན་པོ་མེད་པའི་རྣམ་པ་མངོན་འགྱུར་བྱུང་ཡོད།

སྙན་སྒྲོན་པ། རང་ལོ་བཅུ་དགུའི་སྟེ་ནས་བཟུང་སྟེ། མི་ལོ་ཉེར་ལྔ་ལྷག་གི་རིང་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བའི་མི་སྣ་འདི་ལ་མཚོན་ན། སྡེ་བའི་འཕེལ་རྒྱས་ཙམ་མ་ཟད། ཞང་དང་རྫོང་ཁག་མི་འདྲ་བའི་བར་གྱི་རྩྭ་ས་རྩོད་གླེང་སོགས་ཀྱི་འགལ་བ་མང་པོ་ཞིག་ཀྱང་ཁོས་ཐབས་མཁས་དང་བརྩོན་འགྲུས་ལ་བརྟེན་ནས་ཞི་བར་བྱས་པས་ས་གནས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་ལའང་བྱས་རྗེས་བླ་ལྷག་འཇོག་མྱོང་མཁན་ཞིག་ཡིན།  དེ་བས་ཁོ་ནི་ས་གནས་དེ་རུ་སྙན་གྲགས་ཆེ་བ་ཙམ་དུ་མ་ཟད་གོང་རིམ་སྲིད་གཞུང་གིས་ཀྱང་གཟི་བརྗིད་མཚན་སྙན་རིམ་པར་བསྩལ་མྱོང་སྟེ།

སྟོང་སྐོར་ཚེ་ཕྱུག་རྒྱལ། དེ་ཡིན་ན་ད་ཏང་གི་སྲིད་ཇུས་ཡག་པོ་འདིའི་འོག་ནས། རང་ཉིད་ལ་ཡང་མཚན་སྙན་གྲགས་འདི་མོ་ཞིག་ཐོབ་ནོ་ཏང་གི་སྲིད་ཇུས་ཀྱི་བཀའ་དྲིན་ཡིན་ནོ། དེ་བས་མཚོ་ལྷོ་ཁུལ་གྱིས་ཀྱང་རང་ཉིད་ཕུལ་བྱུང་ན་གཞོན་བཅུའི་གྲས་སུ་བདམས་པ་དང་། དེའི་རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་གྲས་སུ་བདམས་པ་དང་། ཉིས་སྟོང་ལྔ་ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་གྱི་གྲས་སུ་བདམས། འདི་དག་ཀྱང་གཅིག་ནས་ཏང་གི་སྲིད་ཇུས་བཟང་བོའི་གསུང་དྲིན་དང་སྐུ་དྲིན་པ་དང་།  གཉིས་ནས་རང་ཉིད་ལོ་ངོ་ཉེར་ལྔ་ནས་ཉེར་དྲུག་ཅིག་ལ་ཡང་དང་བསྐྱར་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་པ་ནི་ས་གནས་མང་ཚོགས་ཀྱི་བཀའ་དྲིན་དང་སྐུ་དྲིན་ཡིན་ནོ། དེ་ཡིན་ན་ད་རང་ཉིད་ཀྱིས་བྱ་བ་ཆེན་པོ་ཞིག་ལས་མེད་ཀྱང་ད་ལྟ་གྲུབ་འབྲས་ཅུང་ཙམ་ཞིག་ཡོད་པ་དང་རང་ཉིད་ལ་འདི་འདྲའི་སྙན་གྲགས་ཤིག་རྒྱས་པ་ནི་ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་དང་། ས་གནས་མང་ཚོགས་ཀྱིས་རང་ཉིད་ལ་གུས་བཀུར་དང་ཡིད་ཆེས་བྱས་པ་བཅས་ཀྱི་འབྲས་བུ་ལས་འདི་འདྲ་ཞིག་བྱུང་ནི་རེད།


སྟོང་སྐོར་ཚེ་ཕྱུག་རྒྱལ་ལ་ཐོབ་པའི་གཟེངས་རྟགས། 

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་དམངས་སེམས་ཀྱི་ཧྲུའུ་ཅི་བཟང་བོ་ཞེས་པ་དེ་ཡིན། ཁྱེད་ཚོས་གསན་པར་ཐུགས་རྗེ་ཆེ།


གསར་འགོད་པ། གཡང་འབུམ་རྒྱལ། སྐར་མ་མཚོ། 

རྩོམ་འགན་པ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།