ཀོས་ནན་རྫོང་འགྲིམ་འགྲུལ་ཅུའུ་ཡི་ཅུའུ་ཀྲང་རིག་འཛིན་ལ་བཅར་འདྲི་བྱེད་བཞིན་པ།
སྙན་སྒྲོན་པ། བརྩེ་ལྡན་གྱི་ཉན་མཁན་རྣམ་པ། ཐེངས་འདིར་ང་ཚོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བསྟུད་འགོད་ལེ་ཚན་ཆེན་མོ་རྒྱལ་གཅེས་ཀྱི་སེམས། འབད་འཐབ་ཀྱི་མི་ཞེས་པའི་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་བྱེ་ཐང་དུ་ལྗང་མདོག་གི་ཚེ་སྲོག་བསྐྲུན་མཁན་ཞེས་པར་གསན་རོགས་གནོངས།
སྙན་སྒྲོན་པ། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཀྱི་ཕྱོགས་ན་ཡོད་ལ། མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་དང་སྦས་ཤུགས་ཀྱང་སྐྱེ་ཁམས་ཀྱི་ཕྱོགས་ན་ཡོད་ཅེས་པ་ནང་བཞིན། ཉེ་བའི་ལོ་འགའི་རིང་ཀོས་ནན་རྫོང་གིས་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཕ་ས་ཕ་ཡུལ་གྱི་མ་བཅོས་ལྷུན་གྱིས་གྲུབ་པའི་མཛེས་སྡུག་གི་རི་ཆུ་ནགས་གསུམ་སྲུང་སྐྱོབ་དང་། གཞན་དབང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཉམས་ཞན་དུ་གྱུར་དང་འགྱུར་བཞིན་པའི་སྣོད་བཅུད་ཀྱི་བཀོད་པ་ཉམས་གསོ་བྱེད་པའི་ཐད་ལ་ཤ་ཐང་རུས་ཐང་གིས་འབད་པ་ལྷུར་ལེན་བྱས་པས་ཞིང་ཆེན་དང་རྒྱལ་ཡོངས་རིམ་པ་ཁག་ནས་ཀྱང་གཟེངས་བསྟོད་དང་གདེང་འཇོག་ཆེན་པོ་ཐོབ་མྱོང་། ད་ལྟའི་ཀོས་ནན་རྫོང་འགྲིམ་འགྲུལ་ཅུའུ་ཡི་ཅུའུ་ཀྲང་རིག་འཛིན་ལ་མཚོན་ན་སྔོན་ཆད་ཁོས་ལོ་དུ་མའི་རིང་ཀོས་ནན་རྫོང་ནགས་ལས་ཅུའུ་ཡི་ཅུའུ་ཀྲང་གི་འགན་ཁུར་མྱོང་བར་མ་ཟད། ཀོས་ནན་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ལ་རང་ནུས་ཡོད་ཚད་ཕུལ་མྱོང་བའི་མི་སྣ་གཙོ་བོ་ཞིག་རེད། འབྲེལ་ཡོད་མི་སྣའི་བཀོད་སྒྲིག་ལྟར་ང་ཚོ་ཁོའི་གཞུང་ལས་ཁང་དུ་ཐོན་ཏེ་ཁོ་དང་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད། ཁོས་བྱང་ཆ་ལྡན་པའི་སྒོ་ནས་ཀོས་ནན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འཆར་འགོད་དང་གྲུབ་འབྲས་སྐོར་ནས་ང་ཚོར་ཁ་བརྡ་གློད་བྱུང་།
ཅུའུ་ཀྲང་རིག་འཛིན་གྱི་སྐད་ཆ། ངའི་མིང་ལ་རིག་འཛིན་ཟེར། ད་སྔ་འགྲིམ་འགྲུལ་ཅུའུ་ནང་དུ་ཡོང་ཡོད། སྔོན་ཆད་ཉིས་སྟོང་བཅུ་བཞིའི་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་དུ་རྫོང་ནགས་ལས་ཅུའུ་ནས་བྱ་བ་སྒྲུབ་ནི་རེད། དེ་ཡིན་ན་ད་ངས་འདི་ནས་ཁ་བརྡ་ཞིག་བྱེད། ལོ་ཉི་ཤུ་ལྷག་གི་ཡར་སྔོན་ནས་བཟུང་སྟེ་ཀོས་ནན་རྫོང་གི་བྱེ་སྣ་གཙོ་བྱས་པའི་ས་ཁུལ་སྐོར་ཅིག་ནས་བྱེ་མ་ཉིལ་བ་དང་བྱེ་མ་རླུང་གིས་ཁུར་བས་ལམ་བཅད་པ་དང་རྩྭ་ས་དང་ཞིང་ས་གང་ཡིན་ཡང་དེར་གནོད་པ་ཆེན་པོ་བསྐྱལ་ནི་རེད། ལོ་ཉི་ཤུ་ལྷག་གི་རིང་ལ་སྐྱེ་ཁམས་འཛུགས་སྐྲུན་བྱས་པ་བརྒྱུད་ནས་བྱེ་མ་བཀག་པ་དང་མུ་གེ་ཐང་གི་བྱེ་མ་ཡང་ཇེ་ཉུང་དུ་སོང་ཞིང་། སྔོན་ཆད་ཀྱི་རླུང་འཚུབ་དྲག་པོ་དེ་དག་ཀྱང་མེད་པར་གྱུར། དེ་ནི་གཙོ་བོ་སྡོང་འཛུགས་ནགས་སྐྲུན་བྱས་པའི་ཕན་ཡོན་ཡིན་ལ་དེ་མིན་རྨོ་བསྐྱུར་རྩྭ་འདེབས་ཀྱང་ལོ་ངོ་ཉི་ཤུ་ལྷག་ལ་བྱས་པས་ཡིན། འདི་དག་ནི་ཀོས་ནན་རྫོང་གི་ས་ཁུལ་ལ་མཚོན་ན་ཅིས་ཀྱང་བསྒྲུབ་དགོས་པའི་དོན་དག་གལ་ཆེན་ནང་གི་གལ་ཆེན་གྱི་སྐོར་རེད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་དེ་ལྟར་ལེགས་པོར་བསྒྲུབས་པས་ད་ལྟ་ཀོས་ནན་རྫོང་གི་བྱེ་མའང་ཧ་ཅང་ཇེ་ཉུང་ལ་སོང་ཡོད་ནི་རེད།
སྙན་སྒྲོན་པ།དེ་ལྟར་ཀོས་ནན་རྫོང་གི་གོང་འོག་བར་གསུམ་ཀུན་གྱིས་ལོ་རེ་རེ་བཞིན་མི་སྣ་སྟོང་ཕྲག་མང་པོ་རྩ་འཛུགས་བྱས་ནས་སྐྱེ་ཁམས་འཛུགས་སྐྲུན་བྱ་བར་ཤུགས་སྣོན་བྱས་པས་ཀོས་ནན་རྫོང་གི་བྱེ་སྣ་ས་ཁུལ་གྱི་བྱེ་མའི་བཞུར་རྒྱུན་ལ་ཚོད་འཛིན་ཐུབ་པར་མ་ཟད། སྔོན་ཆད་བྱེ་མའི་གནོད་འཚེ་ཆེན་པོ་ཐེབས་པའི་རྩྭ་ས་དང་ཞིང་ས་མང་པོ་ཞིག་ཀྱང་ཇེ་ལེགས་སུ་སོང་བས་ཀོས་ནན་རྫོང་གི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཐད་ལ་བཞིན་གསར་གྱི་རྣམ་པ་ཤར། ཡིན་ནའང་གྲུབ་འབྲས་དེ་དག་གི་རྒྱབ་ན་ཐུན་མོང་དང་མི་སྒེར་མང་པོ་ཞིག་གི་དཀའ་སྤྱད་ཀྱི་རྔུལ་ཆུ་ནི་ཅིས་ཀྱང་ཡོད་སྲིད་དེ། དེའི་སྐོར་ནས་ཅུའུ་ཀྲང་རིག་འཛིན་གྱིས་ང་ཚོ་ལ་རང་གི་བརྩོན་འགྲུས་དང་རྔུལ་ཆུ་ལ་བརྟེན་ནས་མྱ་ངམ་གྱི་བྱེ་ཐང་ཆེན་མོར་ལྗང་མདོག་གི་ཚེ་སྲོག་བསྐྲུན་མཁན་གྱི་ཕལ་བའི་མི་སྣ་ཞིག་གི་ཕལ་བ་མ་ཡིན་པའི་གཏམ་རྒྱུད་གླེང་བྱུང་།
ཅུའུ་ཀྲང་རིག་འཛིན། མུ་གེ་ཐང་གི་བྱེ་འགོག་བྱ་བར་བྱས་རྗེས་ཆེ་བ་ཞིག་ནི་མང་ར་ཞང་ལོ་བ་ཞོལ་མ་སྡེ་བ་ན་མིང་ལ་པུ་རྒྱལ་ཟེར་བའི་ལོ་ན་བདུན་ཅུ་ལྷག་ལ་བུད་པའི་རྒད་པོ་ཞིག་ཡོད། ཁོ་རང་ལོ་ན་སུམ་ཅུ་ལྷག་ཡིན་པའི་སྐབས་ཤིག་ནས་བཟུང་མུ་གེ་ཐང་གི་བྱེ་མའི་གནོད་པ་འགོག་ཆེད་ཁོས་རང་གི་མ་དངུལ་གཏོང་བ་དང་ནང་མི་རྩ་འཛུགས་བྱས་ནས་སྡོང་འཛུགས་ནགས་སྐྲུན་བྱས། ད་ལྟའི་བར་ས་མུའུ་ཁྲི་གཅིག་ལྷག་ལ་སྡོང་འཛུགས་ནགས་སྐྲུན་བྱས་ཡོད། དེར་གོང་རིམ་ནས་སྡོང་ཕྲུག་ཙམ་ལས་རྣམ་གྲངས་ཆེན་པོ་ཡང་ཁོ་ལ་ཡོད་ནི་མ་རེད། དེར་ན་ནིང་ང་ཚོ་སོང་ནས་བལྟས་ནི་རེད། རྒྱལ་ཁབ་རིམ་པ་ཡང་མར་ཡོང་ནས་ཁོའི་སྡོང་འཛུགས་ནགས་སྐྲུན་བྱ་བར་བལྟས་ནས་ཁོའི་བྱ་བར་གདེང་འཇོག་མཐོན་པོ་བྱས་པ་དང་། ཁོ་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་དང་རྫོང་རིམ་པ་བཅས་ཀྱི་གཟེངས་རྟགས་དང་བྱ་དགའ་ཡང་མང་དུ་བྱིན་ཡོད་ནི་རེད།
སྙན་སྒྲོན་པ།ཅུའུ་ཀྲང་རིག་འཛིན་གྱིས་བཤད་པ་ནང་བཞིན། ང་ཚོ་གསར་འགོད་པས་རྒན་པོ་པུ་རྒྱལ་ལགས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་རླབས་ཆེན་བྱ་གཞག་ལ་ལ་རྒྱུས་ལོན་བྱ་ཕྱིར་མང་ར་ཞང་ལོ་བ་ཞོལ་མ་སྡེ་བའི་ཕྱོགས་སུ་ལམ་དུ་ཆས་པ་ཡིན། མང་ཆུ་སྔོན་མོ་ལྷུང་ལྷུང་འབབ་པའི་འགྲམ་གྱི་ནགས་ཚལ་དུ་ལྗང་ལོ་ཅུང་ཙམ་འབུས་པ་ལས་ད་དུང་མཐོ་སྒང་གི་ཡུལ་གྲུ་འདི་ལ་དཔྱིད་ཀྱི་ཉམས་སྣང་ཆེས་ཆེར་མི་ལྡན་ནའང་། མང་ཆུའི་འགྲམ་གྱི་རོང་སྡེ་དག་གི་ཡུལ་མི་རྣམས་དཔྱིད་འདེབས་ཀྱི་སྟ་གོན་ལ་བྲེལ་བཞིན་འདུག རྒན་པོ་པུ་རྒྱལ་ནི་སྐབས་དེར་ཏག་ཏག་ལོ་བ་ཞོལ་མའི་སྡེ་བའི་ཕ་རོལ་གྱི་ཨ་མ་མཁའ་འགྲོ་མ་ཟེར་བའི་སྒྲུབ་གནས་གྲགས་ཅན་དེའི་འདབས་ན་བསྡད་ཡོད་པས་རླངས་འཁོར་གྱི་ལམ་ནི་དེ་འདྲའི་སྟབས་བདེ་ཞིག་མིན་སྟབས། ང་ཚོས་རླངས་འཁོར་ས་གནས་ཤིག་ནས་བསྐྱུར་རྗེས་དུས་ཚོད་ཕྱེད་ཙམ་ལ་རྐང་ཐང་དུ་བསྐྱོད་མཐར་ད་གཟོད་ཁོང་གི་ཁྱིམ་དུ་བསླེབས། རྒན་པོ་པུ་རྒྱལ་ནི་ལོ་ན་བདུན་ཅུ་ལྷག་ལ་སོན་འདུག་ནའང་ད་དུང་རྣམ་རིག་གསལ་ཞིང་ལུས་ཟོར་ཡང་བ་ཞིག་འདུག་ལ་ང་ཚོས་ཕན་ཚུན་ལ་ཁ་བརྡ་བྱེད་པའི་གོ་རིམ་ཁྲོད་དུ་ཁོས་མུ་གེ་ཐང་གི་བྱེ་འགོག་སྡོང་འཛུགས་བྱས་པའི་སྐོར་ནས་ཁ་བརྡ་འདི་ལྟར་བྱས་བྱུང་།
པུ་རྒྱལ་གྱི་སྐད་ཆ། ང་རང་ནི་སྡེ་བ་འདིའི་ལོ་ལོན་ཞིག་ཡིན་པར་མ་ཟད་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན་པས། བྱེ་མའི་གནོད་འཚེ་ཚབས་ཆེན་དེ་མ་རིག་ཁུལ་བྱས་ནས་ཁ་རོག་གེར་བསྡད་ན་གཏན་ནས་མི་འགྲིག་གི དེ་བས་སྔོན་ཆད་ངས་བྱེ་འགོག་སྡོང་འཛུགས་བྱེད་དགོས་པའི་སྐོར་གྱི་གནས་ཚུལ་དེ་ཞང་དང་རྫོང་རིམ་པར་ཐེངས་མང་པོར་ཡར་ཞུ་བྱས་པ་དང་། ཉིས་སྟོང་གཉིས་ལོ་ནས་བཟུང་སྟེ་དངོས་སུ་སྡོང་འཛུགས་བྱེད་མགོ་བརྩམས་པ་ཡིན། དེ་ཡིན་ན་ད་ཐོག་མར་སྡོང་བོ་ཉོ་དགོས་པ་དང་དེ་ནས་སྡོང་ཕྲུག་རྣམས་རེ་རེ་བཞིན་ཆུའི་ནང་དུ་བཞག་རྗེས་རླངས་འཁོར་དུ་བརྩིགས་ནས་མུ་གེ་ཐང་ལ་འདྲུད་དགོས་ནི་རེད། དེས་ན་ང་ཚོ་སྡེ་བའི་ནང་ནས་ཐད་ཀར་དུ་མུ་གེ་ཐང་ལ་རླངས་འཁོར་འགྲོ་ཐུབ་པའི་ལམ་ཡོད་ནི་མ་རེད། དེའི་སྟབས་ཀྱིས་སྔ་སེ་དུས་ཚོད་བརྒྱད་ཀྱི་སྟེང་ནས་རླངས་འཁོར་དུ་སྡོང་བོ་བརྩིགས་རྗེས། མགོ་མང་གྲོང་རྡལ་ཡན་གྱི་མདོ་རྩེ་མདོ་ཡི་ལམ་དེ་བརྒྱུད་ནས་སོང་ན་དགོང་མོའི་དུས་ཚོད་བཅུ་གཉིས་སྟེང་ནས་མ་གཏོགས་དམིགས་སར་ཐོན་མི་ཐུབ། རླངས་འཁོར་ནང་དུ་སྡོང་ཕྲུག་བརྩིགས་རྒྱུ་མང་སོང་ནི་རེད། ལམ་མ་ཡག་ནི་རེད། ད་དེ་ལྟར་སྡུག་མང་པོ་མྱངས་ནི་རེད།
གསར་འགོད་པས་སྡོང་འཛུགས་ནགས་སྐྲུན་གྱི་དཔེ་ལེགས་མི་སྣ་པུ་རྒྱལ་ལ་བཅར་འདྲི་བྱེད་བཞིན་པ།
སྙན་སྒྲོན་པ། འཚོ་བའི་དམིགས་རྒྱང་རིང་བའི་བགྲེས་པོ་འདིས། ཕ་ཡུལ་གྱི་རི་ཆུའི་མཛེས་སྡུག་སྲུང་འཛིན་བྱེད་པའི་ཕྱིར་དུ་མ་སྐུལ་དང་བླངས་ཀྱིས་རང་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་སྡོང་འཛུགས་ནགས་སྐྲུན་གྱི་ཕྱོགས་སུ་བཏང་བ་དེར། ཐོག་མར་མི་གཞན་གྱི་རྒྱབ་སྐྱོར་ཕར་ཞོག ཐ་ན་རང་གི་བུ་མོས་ཀྱང་འཁང་ར་དང་ལེ་བདའ་ཚད་མེད་བྱས་མྱོང་བར་མ་ཟད། དང་ཐོག་མཐོ་སྒང་དུ་སྡོང་བོ་ཅི་ཞིག་བཙུགས་ན་སྐྱེ་འཕེལ་འབྱུང་ཐུབ་པའི་ཉམས་མྱོང་སོགས་ཅི་ཡང་མེད་པས་རང་བྱུང་ཁམས་ཆེན་མོས་ཀྱང་ཁོ་ལ་ཕམ་ཁ་ཐེངས་མང་བྱིན་མྱོང་ནའང་། ཁོས་སེམས་སུ་ནམ་ཡང་འགྱུར་ལྡོག་ཅི་ཡང་བྱུང་མ་མྱོང་ཞིང་། ཐ་ན་དགུན་དཔྱིད་ཀྱི་དུས་ཚུགས་སུ་རླུང་ཆེ་བའི་སྐབས་སུ་ཡང་མུ་གེ་ཐང་ནི་ས་གནས་གཞན་དང་མི་འདྲ་བར་བྱེ་རླུང་དམར་པོ་དྲག་ཏུ་འཚུབ་པའི་འཇིགས་རུང་གི་ངང་ཚུལ་དེ་ཁོ་ན་བཟློག་ཕྱིར་ཀྱང་ཁོས་རང་ཉིད་ཀྱི་རྩོལ་བར་བརྟེན་ནས་རང་བྱུང་ཁམས་ལ་འདུལ་སྦྱོང་བྱེད་པའི་བསམ་བློ་རླབས་ཆེན་ལ་གཡོ་འགྱུར་ཅུང་ཙམ་ཡང་བྱུང་མ་མྱོང་བས། ཁོང་གི་དེ་རིང་གི་རྒྱལ་ཁ་ཡོད་ཚད་ཀྱང་ཕམ་ཁ་དང་སྤོབས་པའི་ཁྲོད་ནས་བྱུང་བ་ཞིག་ཅི་ལ་མི
སྡོང་འཛུགས་ནགས་སྐྲུན་གྱི་ལས་ལ་བྲེལ་བཞིན་པ།
པུ་རྒྱལ་གྱི་སྐད་ཆ། ད་རིམ་པ་རིམ་པ་བྱས་ནས་ང་ལ་ཕམ་ཁ་ཡང་དུ་མ་བྱིན། དྲ་མ་དང་མཁན་པ་སོགས་བཏབ་པར་ཐེངས་གསུམ་ལ་ང་ཕམ་ཁ་ཆེན་པོ་བྱིན་ནི་རེད། གྲོ་སིལ་ནས་སིལ་ཀྱི་སྡོང་བོ་ཁྲི་ཉེར་གཅིག་ལྷག་བཙུགས་པ་ཚང་མ་ང་ལ་ཕན་ཁ་བྱིན་པ་དང་། དེ་མིན་ད་དུང་གླ་སིལ་གྱི་སྡོང་བོ་སོགས་ཁྲི་ཉི་ཤུ་ལྷག་བཙུགས་ཀྱང་བསྟུད་མར་ང་ལ་ཕམ་ཁ་ཆེན་པོ་བྱིན་སོང་། དེ་ལྟར་ཕམ་ཁ་བྱིན་གྱིན་བྱིན་གྱིན་ད་གཟོད་རྒྱལ་ཁ་བླངས་ནས་ད་ལྟ་ད་ཚང་མ་ནགས་ཚལ་དུ་གྱུར་ཡོད་ནི་རེད། སྔོན་ཆད་རླང་གཡུགས་པའི་སྐབས་སུ་ཕར་ཕྱོགས་འབའ་ཐང་ཕྱོགས་ནས་གཡུགས་ན་རླུང་ནག་པོ་ཡིན་པ་དང་། མུ་གེ་ཐང་ནས་རླུང་གཡུགས་ན་བྱེ་རླུང་དམར་པོ་ཡིན། མུ་གེ་ཐང་གི་ས་མུའུ་ཁྲི་གཅིག་ལྷག་ལ་སྡོང་བོ་བཙུགས་པའི་རྗེས་སུ་རླུང་གཡུགས་ནའང་ཅུང་འཇམ་པོ་ཞིག་ཏུ་གྱུར་འདུག
སྡོང་འཛུགས་ནགས་སྐྲུན་གྱི་ཕུལ་བྱུང་མི་སྣ་པུ་རྒྱལ།
སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་བྱེ་ཐང་དུ་ལྗང་མདོག་གི་ཚེ་སྲོག་བསྐྲུན་མཁན་ཞེས་པ་དེ་ཡིན། ཁྱེད་ཚོས་གསན་པར་བཀའ་དྲིན་ཆེ།
གསར་འགོད་པ། གཡང་འབུམ་རྒྱལ། སྐར་མ་མཚོ།
རྩོམ་འགན་པ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།