ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་པ།
2019.05.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 23

ལོ་ཞེ་གཉིས་ལ་སོན་པའི་ཕེ་ཀྲི་ཧྥེ་ནི་པེ་ཅིང་གྲོང་ཁྱེར་མཁར་ནུབ་ཆུས་མ་བུ་བདེ་སྲུང་ཁང་མོ་ནད་བུ་བཙའི་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ཡིན་ཞིང་། 2017ལོར། པེ་ཅིན་གྱི་རིམ་པ་གཉིས་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་རེད། རིགས་གཅིག་མཁས་ཅན་ཡིན་པའི་ཕེ་ཀྲི་ཧྥེ་མཚོ་སྔོན་ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་མོ་ནད་བུ་བཙའི་ཚན་ཁག་འཛུགས་སྐྲུན་གྱི་སྣེ་ཁྲིད་པར་གྱུར།

དང་ཐོག་ཡུལ་ཤུལ་དུ་སླེབས་སྐབས། ས་མཐོ་བྱུང་བའི་རྐྱེན་གྱིས་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་མི་ཉུང་བ་ཞིག་གིས་སྐྲ་ཤུད་པ་དང་། དབྱང་དབུགས་དཀོན་པས་གཉིད་མི་ཁུག་ཅིང་། དེ་གར་འབྱོར་ནས་ཟླ་གཅིག་ཙམ་གྱི་རིང་ལ། ཕེ་ཀྲི་ཧྥེའི་ལུས་སྟེང་གི་ཤ་རྒྱ་མ་བཅུ་སྐམ་པ་རེད།

གཙང་གསུམ་འབྱུང་ཡུལ་དུ་གནས་པའི་ཡུལ་ཤུལ་ཁུལ་ཁོངས་གཏོགས་སུ་གྲོང་ཁྱེར་གཅིག་དང་རྫོང་ལྔ་ཡོད་ལ། རི་མཐོ་ཞིང་ལམ་ཐག་རིང་བ་དང་། འབྲོག་པ་ཁ་ཐོར་དུ་གནས་པ་མ་ཟད། ཁོ་ཚོའི་བདེ་སྲུང་གི་འདུ་ཤེས་བལྟོས་བཅས་ཀྱིས་ཅུང་རྗེས་ལུས་ཡིན་པས། སྔོན་ཆད་སྦྲུམ་མ་མང་པོ་ཞིག་ཉེན་ཁ་མ་འཕྲད་ཚེ་སྨན་ཁང་དུ་ཡོང་གིན་མེད།

“དེར་བརྟེན། ང་ཚོ་ནི་སྦྲུམ་མའི་ཚེ་སྲོག་བདེ་འཇགས་ཀྱི་འགོག་སྲུང་བར་གྱུར་ཡོད། ནང་ལོག་ས་ཁུལ་དང་མི་འདྲ་བ་ཞིག་ནི། ང་ཚོའི་སྨན་ཁང་དུ་ཡོང་མཁན་སྦྲུམ་མ་ཚོའི་ཁྲོད་ཀྱི་བཅུ་ཆའི་གསུམ་ཡན་ནི་ནད་པ་ཚབས་ཆེན་ཡིན་པས། སྨན་དོན་མི་སྣའི་ཕྲག་ཏུ་འགན་འཁྲི་ལྕི་མོ་བབས་ཡོད”ཅེས་ཕེ་ཀྲི་ཧྥེ་ཡིས་དེ་ལྟར་བཤད།

2007ལོར་ནད་ཁྲི་བཅོ་ལྔ་ལས་མེད་པའི་སྨན་ཁང་དེ2018ལོར་ནད་ཁྲི་རེ་བཞི་བར་འཕར་ནས་ན་ནིང་སྨན་ཁང་དུ་ཕྲུ་གུ་སྐྱེ་མཁན་སྟོང་གཉིས་ལྷག་ཙམ་ཟིན་པ་མི་སུ་ཞིག་གིས་ཀྱང་སེམས་སུ་དྲན་མ་མྱོང་། ཕེ་ཀྲི་ཧྥེ་ཡི་སྣེ་ཁྲིད་འོག སྨན་ཁང་དེས་བུ་བཙའི་ཚན་ཁག་གི་ལག་རྩལ་གསར་་བ་བརྒྱད་དང་མོ་ནད་ཀྱི་རྣམ་གྲངས་གསར་པ་བཅུ་བཞི་གསར་སྤེལ་བྱས་པ་དང་།  ད་ལྟ་སྨན་ཁང་དེས་ད་དུང་ཡུལ་ཤུལ་ཁུལ་མངལ་རྐེའི་ནད་གཞི་བརྟག་བཅོས་ལྟེ་གནས་ཀྱང་བཙུགས་ཤིང་། མོ་ནད་བུ་བཙའི་ཚན་ཁག་གི་སྨན་བཅོས་ལས་དོན་གཉེར་བའི་མི་སྣ་སོ་གསུམ་ཟིན་པའི་ཁྲོད་བོད་རིགས་ཉེར་དྲུག་ཡོད་པ་རེད།

མཐོ་སྒང་ས་ཁུལ་དུ་ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱེད་ཆེད། 2018ལོར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དུས་ཚད་ལོ་གཅིག་འགོར་རུང་། ཕེ་ཀྲི་ཧྥེ་ཡིས་རང་འགུལ་སྒོས་ད་དུང་ལོ་གཅིག་འདུག་རྒྱུའི་རེ་འདུན་ཞུས།

“ད་ལྟ་ངའི་ཕྲག་ཏུ་བབས་པའི་ལས་འགན་གཙོ་བོ་ནི་ཚན་ཁག་གི་སྨན་བཅོས་ལས་དོན་མི་སྣའི་བརྟག་དཔྱད་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། གནོད་ཤུལ་བསྐྱར་སྐྲུན་བྱས་རྗེས། ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་ལ་ལོ་ངོ་ཉི་ཤུ་ཡི་མཆོང་སྐྱོད་འཕེལ་རྒྱས་བྱུང་ནས། སྔོན་ཐོན་གྱི་བརྟག་དཔྱད་སྨན་བཅོས་སྒྲིག་ཆས་ཡོད་པས་ང་ཚོའི་མི་སོ་སོའི་འཇོན་ཐང་སྔར་ལས་ཆེ་རུ་གཏོང་དགོས”ཅེས་བཤད་པ་དང་། ཕེ་ཀྲི་ཧྥེ་ཡིས་བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་གྱི་དྲན་པ་གསོ་བ་སོགས་སྦྲུམ་མའི་ནད་གཞི་ཚབས་ཆེན་དང་རྒྱུན་མཐོང་མོ་ནད་རིགས་ད་ལྟ་སྨན་ཁང་གཞན་དུ་འགྲོ་མི་དགོས་པར་ཡུལ་ཤུལ་རང་ས་གནས་ནས་སྨན་བཅོས་བྱེད་ཐུབ། དེར་མ་ཟད། སི་ཁྲོན་སེར་ཤུལ་དང་བོད་ལྗོངས་ཆབ་མདོའི་ནད་པ་མང་པོ་ཡང་གནས་འདིར་སྨན་བཅོས་བྱེད་པར་ཡོང་གིན་ཡོད་ཅེས་བཤད།

ཚོགས་པའི་འབད་འཐབ་འོག 2018ལོར་སྨན་ཁང་དེའི་སྦྲུམ་མ་ཤི་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཅིག་གཉིས་དྲུག་ནས་བརྒྱ་ཆའི་ཐིག་ཏུ་མར་ཆག་པ་དང་། བཙས་མ་ཐག་པའི་ཕྲུ་གུ་དམར་འབྱར་དབུགས་འགག་ཚད་བརྒྱ་ཆའི་ཉི་ཤུ་གྲངས་ཆུང་ལྔ་དྲུག་ནས་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་ལྔ་བར་མར་ཆག་ཡོད། ཁོང་གིས་ལག་ལེན་དམར་ཁྲིད་བྱས་པ་བརྒྱུད། ས་གནས་དེ་གའི་སྨན་པ་པད་མ་ཆོས་མཚོ་སྨན་ཁང་དེའི་མོ་ནད་བུ་བཙའི་ཚན་ཁག་གི་རྐང་འཛིན་པར་གྱུར་པ་རེད།

“ཁོང་གིས་པེ་ཅིང་ནས་བྱང་ཆུབ་པའི་ལག་རྩལ་མང་པོ་མཐོ་སྒང་གི་ཡུལ་ཤུལ་ལ་ཁྱེར་ཡོང་བས། ང་ཚོར་ཕན་པ་མང་པོ་ཐོབ་བྱུང་། སྨན་པ་ཕེ་ཀྲི་ཧྥེ་ལགས་ཀྱིས་རང་དོན་རྒྱབ་སྐྱུར་གྱི་ལས་ཀའི་སྙིང་སྟོབས་ནི་ང་ཚོ་ཚང་མས་སློབ་སྦྱོང་བྱེད་འོས་པ་ཞིག་རེད”ཅེས་པད་མ་ཆོས་མཚོ་ཡིས་དེ་ལྟར་བཤད།

ཕེ་ཀྲི་ཧྥེ་ཡིས་ཐེངས་ཤིག་མཚན་གང་གཤགས་བཅོས་བྱས་མཐར་ཁོང་ཐང་ཆད་དེ་ས་ལ་འགྱེལ་བ་དང་། དེ་ནས་སྨན་ཆུ་དམ་བུ་ཆུང་བ་གཅིག་གི་ཁ་ཕྱེ་ནས་བཏུང་བ་རེད། “མོ་ནད་བུ་བཙའི་ཚན་ཁག་ནི་ལག་རྩལ་དང་ལུས་སྟོབས་གཉིས་ཀ་མཁོ་བའི་ལས་ཀ་ཞིག་ཡིན་ལ། རེ་བ་ཅུང་ཙམ་ལས་མེད་ཀྱང་། ང་ཚོས་འབད་འཐབ་ལྡབ་བརྒྱ་བྱེད་དགོས”ཞེས་ཕེ་ཀྲི་ཧྥེ་ཡིས་དེ་ལྟར་བཤད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།