མདོ་དབུས་མཐོ་སྒང་གི་གོས་དཀར་ཕོ་ཉ་ལིག་ཡུན་ཅོན།
2019.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

པེ་ཅིན་གྲོང་ཁྱེར་ནུབ་མཁར་ཁུལ་ཀོང་བེ་སྨན་ཁང་གི་ཡོན་ཀྲང་གཞོན་པ། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གི་འགོ་གཙོ་ལིག་ཡུན་ཅོན་ཡུལ་ཤུལ་དུ་ཡོང་ནས་ལོ་གཉིས་ཀྱི་རིང་ལ་བྱ་བ་སྒྲུབ་པ་དང་། སྨན་ཁང་གི་ལམ་ལུགས་ནང་རྐྱེན་བཅོས་སྒྱུར་ནས་མགོ་བརྩམས་ཏེ། སྨན་ཁང་གི་སྨན་བཅོས་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། སྨན་ཁང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ནས། ནམ་ཡང་ཡུལ་ཤུལ་ན་གནས་པའི་སྨན་བཅོས་རུ་ཁག་ཞིག་བཙུགས།

2016ལོའི་ཟླ་བརྒྱད་པར། ལིག་ཡུན་ཅོན་གྱིས་པེ་ཅིན་གྲོང་ཁྱེར་གྱིས་ཡུལ་ཤུལ་ལ་རོགས་སྐྱོར་བྱེད་པའི་འབོད་སྐུལ་འོག མཚོ་ངོས་ལས་མུས་སྟོང་བཞི་ཡོད་པའི་མཐོ་སྒང་དུ་ཡོང་ནས། ཁོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་མགོ་བརྩམས་པ་རེད།

ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གི་འགོ་གཙོ་ལིག་ཡུན་ཅོན་གྱིས་བཤད་རྒྱུར། ང་རང་ཡུལ་ཤུལ་དུ་ཡོང་ནས་བསྒྲུབས་པའི་དོན་དག་ཐོག་མ་ནི་ཡུལ་ཤུལ་གྱི་ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་མཐོར་འདེགས་སུ་བཏང་ནས། ཡུལ་ཤུལ་མང་ཚོགས་རྣམས་ཡུལ་ཤུལ་ནས་ཕྱིར་འགྲོ་མི་དགོས་པར་གཞི་རྩའི་སྨན་བཅོས་འགན་སྲུང་རོལ་མྱོང་བྱེད་དུ་བཅུག་པ་དེ་ཡིན་ཟེར།

དོན་དངོས་སུ། ལིག་ཡུན་ཅོན་གྱི་བསམ་ཚུལ་དེ་བྱ་བའི་ཁྲོད་ལག་བསྟར་བྱེད་དཀའ་བར་གྱུར། སྐབས་དེར། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་དུ་འཇོན་མི་དཀོན་པ་དང་། སྨན་བཅོས་ཆུ་ཚད་དམའ་བ། མང་ཚོགས་ཀྱིས་གདེང་འཇོག་ཧ་ཅང་དམའ། ཁོ་རང་དང་ཐོག་ལས་གནས་སུ་ཞུགས་རྗེས། སྨན་བཅོས་མི་སྣ་རེ་དགུ་ཡིས་ལས་གནས་སྤོར་བ་དང་ལས་འཁྱེར་ངལ་གསོ་བྱེད་པའི་སྙན་ཞུ་འབྱོར། སྐབས་དེར་ལིག་ཡུན་ཅོན་གྱི་སེམས་སུ་སྔོན་ལ་སྨན་ཁང་གི་མི་སྣ་ལེགས་སྒྲིག་བཟང་བོ་བྱས་ན། ད་གཟོད་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་ཐག་གཅོད་བྱེད་ཐུབ་འདོད།

ལིག་ཡུན་ཅོན་གྱིས་ཉིན་ཉེར་དྲུག་གི་དུས་ཚོད་ནང་སྨན་ཁང་གི་ལས་ཆོད་སྒྲིག་སྲོལ་བཅོས་སྒྱུར་ཇུས་གཞི་གཏན་འཁེལ་བྱས། ལས་ཆོད་ལྟར་གླ་ཕོགས་བསྟེར་བའི་ལམ་ལུགས་ལག་བསྟར་བྱས་རྗེས། སྨན་པའི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་བ་དང་། སྨན་ཁང་གི་ཞག་སྡོད་ནད་པ་ཡང་རིམ་བཞིན་ཇེ་མང་དུ་སོང་།

ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་གཉིས་པའི་སྨན་པ་དཀའ་བཅུ་བ་གཞོན་པ་བསོད་ནམས་དཔལ་འབྱོར་གྱིས་བཤད་རྒྱུར། ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་ནས། ང་ཚོ་ཕྱི་ནད་ཚན་ཁག་གཉིས་པ་འཕེལ་རྒྱས་སོང་བ་ཧ་ཅང་བཟང་ལ། ད་ལྟ་ང་ཚོས་གསུས་ཁོག་མཐོང་ཤེལ་སྤྱད་ནས་གཤག་བཅོས་བྱས་པའི་ནད་པ་ཧ་ཅང་མང་བ་མ་ཟད། ད་ལྟའི་བར་གཤག་བཅོས་ཐེངས་བརྒྱ་དང་བཞི་བཅུ་ལྷག་བྱས་ཡོད།

སྨན་བཅོས་ཆུ་ཚད་ཇེ་མཐོར་གཏོང་དགོས་ན། སྔོན་ལ་ཆེད་ལས་ཀྱི་ནུས་པ་ཧ་ཅང་བཟང་བ་དང་། མང་ཚོགས་ཡིད་ཚིམས་པའི་སྨན་བཅོས་རུ་ཁག་ཞིག་འཛུགས་དགོས། ལིག་ཡུན་ཅོན་གྱིས་ཤེས་ལྡན་པ་ནང་འདྲེན་དང་སྨན་བཅོས་མི་སྣ་ཕྱི་རུ་སློབ་སྦྱོང་བྱེད་དུ་མངག་པའི་བྱེད་ཐབས་སྤྱད་དེ། ཕྱོགས་གཅིག་ནས་ཚན་ཁག་སོ་སོའི་རྐང་འཛིན་མི་སྣ་ཞིང་ཆེན་ནང་ཁུལ་གྱི་རིམ་པ་གསུམ་པའི་སྨན་ཁང་དུ་སློབ་སྦྱོང་བྱེད་དུ་མངག་པ་དང་། ཕྱོགས་གཞན་ཞིག་ནས་པེ་ཅིན་གྱི་ཆེད་མཁས་པའི་ལག་རྩལ་བེད་སྤྱད་དེ་རོགས་སྐྱོར་རིག་གཞུང་ཚན་ཁག་བཙུགས་པས། སྨན་བཅོས་རྐང་འཛིན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས་པ་དང་། སྨན་ཁང་འཕེལ་རྒྱས་ལ་འཇོན་མིའི་རྨང་གཞི་བརྟན་པོ་བཏིང་།

སྨན་བཅོས་རྐང་འཛིན་མི་སྣའི་འདེགས་སྐྱོར་ཡོད་པས། ལིག་ཡུན་ཅོན་གྱིས་གོ་སྐབས་བཟང་བོ་དང་བསྟུན་ནས་ནད་གཞི་ཚབས་ཆེ་བའི་བྱིས་པ་དང་བྱིས་པ་རློན་ནུ་མྱུར་སྐྱོབ་ལྟེ་གནས་དང་། འགོས་ནད་རང་བཞིན་གྱི་ནད་རིགས་ཚན་ཁག མིག་ནད་ཚན་ཁག་སོགས་ཚན་ཁག་བཅུ་གཅིག་གསར་དུ་བཙུགས་པ་དང་། མང་ཚོགས་རྣམས་ལ་གཞི་རྩའི་སྨན་བཅོས་འགན་སྲུང་འདོན་སྤྲོད་བྱས། དབུལ་ཕོངས་ནད་པའི་སྨན་བཅོས་འགན་འཁྲི་ཇེ་ཉུང་དུ་གཏོང་ཆེད། ཁོས་ཧུར་ཐག་གིས་སྤྱི་ཚོགས་ཀྱི་སྙིང་རྗེའི་ཚོགས་པར་འབྲེལ་གཏུག་བྱས་ཏེ། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ལ་སྨན་བཅོས་བྱེད་པར་རིན་མི་དགོས་པ་ལག་བསྟར་བྱས།

ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གི་སྡོད་དམངས་སྒྲོལ་མ་ཡིས་བཤད་རྒྱུར། དེ་སྔོན་ང་ཚོས་གཤག་བཅོས་བྱེད་དགོས་ན་ངེས་པར་དུ་ཟི་ལིང་དུ་འགྲོ་དགོས་པ་དང་། དུས་ཚོད་འགོར་འགྱངས་བྱས་པ་མང་ལ་མ་དངུལ་ཡང་མང་པོ་གཏོང་དགོས། ད་ལྟ་ང་ཚོས་ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་ནས་གཤག་བཅོས་བྱས་ཆོག་པ་དང་། གཤག་བཅོས་ཀྱི་འགྲོ་གྲོན་ཇེ་ཉུང་དུ་སོང་ཡོད་ཟེར།

ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་རྡོ་རྗེ་ཡིས་བཤད་རྒྱུར། འགོ་གཙོ་ལིག་གིས་བློ་སྤོབས་ཆེན་པོས་བཅོས་སྒྱུར་བྱས་པ་དང་། ད་དུང་རིག་གཞུང་ཚན་ཁག་འཛུགས་སྐྲུན་སོགས་ཀྱི་ཐད་བྱེད་ནུས་ཆེན་པོ་ཐོན་ཡོད་ཟེར།

“ལོ་གསུམ་གྱི་དུས་ཚོད་ཆུད་ཟོས་གཏོང་བ་ལས་ལོ་གསུམ་གྱི་དུས་ཚོད་བེད་སྤྱད་ནས་བྱ་བ་བཟང་བོར་བསྒྲུབ་ན་ལེགས།” ལིག་ཡུན་ཅོན་གྱིས་ལས་གནས་ལ་རྐང་བཙུགས་ཏེ། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་ཆུ་ཚད་དང་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་། ཁོའི་བརྩེ་སེམས་ཀྱིས་མི་ཚང་མ་སེམས་འགུལ་ཐེབས་སུ་བཅུག་པ་དང་། མང་ཚོགས་ཀྱིས་ཁོ་ལ་སྨན་པ་བཟང་བོ་ཞེས་འབོད་ཀྱིན་ཡོད།

ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་གི་འགོ་གཙོ་ལིག་ཡུན་ཅོན་གྱིས་བཤད་རྒྱུར། ང་ཚོས་མཇུག་མཐར་ཁུལ་ཡོངས་ཀྱི་ཕྱོགས་བསྡུས་རིམ་པ་གསུམ་པའི་སྨན་ཁང་ཞིག་ལེགས་བཟོ་བྱས་ཏེ། མང་ཚོགས་རྣམས་ལ་དངོས་གནས་རིམ་པ་གསུམ་པའི་སྨན་ཁང་གི་ཞབས་ཞུའི་ཆུ་ཚད་རོལ་མྱོང་བྱེད་དུ་འཇུག་རྒྱུ་དེ་ཡིན་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།