དྲིན་གཟོའི་བརྩེ་སེམས་ཁྲོད་ཀྱི་འགན་ཁུར་བའི་སྤྱོད་པ།
2019.09.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 48

—རྒྱལ་ཡོངས་ཀྱི་སྐབས་དགུ་བའི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”ཨོ་རྒྱན་བསོད་ནམས་ཀྱི་གནས་ཚུལ་བཀོད་པ།

འབྲོག་པ་མང་ཚོགས་ཀྱི“ཧྲུའུ་ཅི་ཚོ་སྟུག”

“ཧྲུའུ་ཅི་ཚོ་སྟུག”ཅེས་པའི་མིང་འདི་ནི་མང་ཚོགས་ཀྱིས་ཨོ་རྒྱན་བསོད་ནམས་ལ་བཏགས་པའི“གཅེས་མིང”རེད། མིང་འདི་ཐོས་ཐེངས་རེར་ཨོ་རྒྱན་བསོད་ནམས་ཀྱི་སེམས་པ་ཧ་ཅང་སྐྱིད་ལ། “འདི་ནི་མང་ཚོགས་ཀྱིས་ང་རང་ཁས་བླངས་པ་ཡིན་པས་ངས་སེམས་བསམ་པའི་གཏིང་ནས་ལོངས་སྤྱོད་བྱེད་ཀྱིན་ཡོད”ཅེས་བཤད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་མང་ཚོགས་ཀྱིས“ཧྲུའུ་ཅི་ཚོ་སྟུག”ཨོ་རྒྱན་བསོད་ནམས་ལ་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། གཞི་རིམ་དུ་བྱ་བ་གཉེར་ནས་ལོ་ངོ་བཅོ་བརྒྱད་འགོར་ཞིང་། སྔ་གཞུག་ཏུ་ཞང་དང་གྲོང་རྡལ་གསུམ་གྱི་ལས་རྐང་བདུན་གྱི་སྟེང་ནས་བྱ་བ་བསྒྲུབས་མྱོང་བ་ནི་ཨོ་རྒྱན་བསོད་ནམས་ཀྱི་བྱ་བའི“གཞི་གྲངས”རེད། ཁོས་བཤད་རྒྱུར“ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་པད་མ་རྫོང་གི་མི་ཡིན་པས། ང་རང་ས་ཆ་འདིར་བརྩེ་བ་ཟབ་མོ་ཡོད། མི་དམངས་མང་ཚོགས་ཀྱི་ཁས་ལེན་གྱིས་རང་ལ་ཡིད་ཆེས་དང་སྒུལ་ཤུགས་བསྩལ་བས། ང་རང་འབྱུང་ཁུངས་མེད་པའི་ཆུ་བོ་དང་རྩ་བ་མེད་པའི་ལྗོན་ཤིང་དུ་འགྱུར་མི་སྲིད།”

བཅར་འདྲིའི་སྐབས་སུ། ཨོ་རྒྱན་བསོད་ནམས་ཀྱིས་གླེང་བ་ཆེས་མང་བ་ནི“དྲིན་ཚོར”ཞེས་པའི་ཡིག་འབྲུ་འདི་གཉིས་རེད། “རྩ་འཛུགས་ཀྱི་དྲིན་ཚོར་བ་དང་བྱ་བའི་དྲིན་ཚོར་བ། ལྷག་པར་དུ་མི་དམངས་ཀྱི་དྲིན་ཚོར་དགོས་ཤིང་། དུས་རྟག་ཏུ་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས་པ་དང་དགོངས་དོན་ལག་ཏུ་བསྟར་བ། འགན་འཁུར་ཕོད་པ་དང་བྱས་རྗེས་ཡོད་པའི་མི་ཞིག་བྱེད་དགོས། ཨོ་རྒྱན་བསོད་ནམས་ཁེངས་སྐྱུང་གི་ཉམས་ཀྱིས་ང་རང་པད་མ་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་། རིག་གནས་ཀྱི་ཆུ་ཚད་མཐོ་རྒྱུ་མེད་པས། རྫོང་ཡོངས་ཀྱི་གཞུང་ཞབས་པའི་དཔུང་སྡེའི་ཁྲོད་ཀྱི་སྤྱིར་བཏང་བའི་མི་ཞིག་ཡིན། གནམ་ས་སྒུལ་བའི་དོན་དག་རླབས་ཆེན་ཀྱང་བསྒྲུབས་མྱོང་མེད་ལ། རང་འཁྲིའི་ལས་འགན་ལ་རྐང་བཙུགས་ཏེ་སྤྱིར་བཏང་གི་ལས་ཀ་ཕྲ་མོ་རེ་སྒྲུབ་པ་ཙམ་ཡིན།”

ཐོག་མའི་བསམ་འདུན་སྲུང་ཞིང་། མི་དམངས་ཀྱི་ཆེད་དུ་ཡོད་ཚད་བརྩེ་བ་རུ་བསྒྱུར།

2018ལོའི་ཟླ་བཅུ་གཅིག་པ་ནས་བཟུང་ཨོ་རྒྱན་བསོད་ནམས་ཀྱིས་ཞང་གྲོང་ནས་ལས་གནས་སྤར་ཏེ་པད་མ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གི་འགན་འཁུར་མོད། འོན་ཀྱང་སྟག་མཁར་ཞང་མཛོ་རོ་སྡེ་བའི་སྟོང་དཔོན་བཟའ་ཀ་ལོའི་མིག་ནང་དུ། ཨོ་རྒྱན་བསོད་ནམས་ནི་སྔར་བཞིན་ཁོ་ཚོའི“ཧྲུའུ་ཅི་ཚོ་སྟུག”དེ་ཡིན་ལ། “ཧྲུའུ་ཅི་ཚོ་སྟུག”འདིས་སྡེ་བའི་ནང་གི་མི་མང་པོ་ཞིག་གི་མི་ཚེའི་ལམ་བུའི་ཁ་ཕྱོགས་བསྒྱུར་མྱོང་བས། ཁོ་ཚོར་མཚོན་ནས་བཤད་ན་ཆེས་སྙིང་ཉེ་བའི་མི་དེ་རེད།

“རྒྱལ་ཡོངས་ཀྱི་སྐབས་དགུ་བའི་མི་དམངས་ཀྱི་བློར་བབས་པའི་གཞུང་ཞབས་པ་ཞེས་པའི་ལྗིད་ཏིག་ཏིག་གི་མཚན་སྙན་འདིས་ང་རང་ལ་བཀའ་དྲིན་དང་དགའ་སྤྲོ་བསྩལ་བ་ལས་གཞན། ད་རུང་རྒྱུན་དུ་ཕྱོགས་སྡོམ་བྱེད་དུ་བཅུག ངས་ཐེངས་གཅིག་མིན་པར་རྒྱུན་དུ་རང་ཉིད་ལ་མི་དམངས་ཡིད་ཚིམ་ཞེས་པ་དེ་ནི་ཅི་ཞིག་ཡིན་ནམ་ཞེས་དྲིས་མྱོང་། རང་གིས་བསམས་ན་མི་དམངས་ཡིད་ཚིམ་པ་ཞེས་པ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་ཐོབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་མཁན་ཞིག་ཡིན་དགོས་པར་མ་ཟད། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དུས་རབས་ལ་ངོ་གནོང་མི་དགོས་ཤིང་། མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་མཁན་ཞིག་ཡིན་དགོས། འདི་དག་ཡོད་ཚད་བྱ་བར་བརྟེན་ནས་ལག་ལེན་བྱེད་དགོས་ལ། བྱ་བར་བརྟེན་ནས་ཞིབ་བཤེར་བྱེད་དགོས།” ཨོ་རྒྱན་བསོད་ནམས་ཀྱིས་བསམ་བློ་གཏོང་ཞོར་དང་ལག་ལེན་བསྟར་ཞོར་མཛོ་རོ་སྡེ་བའི་མང་ཚོགས་ཀྱི་གཏམ་རྒྱུད་ལ་ཕྱིར་འདང་རྒྱག་སྐབས། མིག་ནང་དུ་དགའ་ཞིང་བློ་བདེ་བའི་མདངས་ཤིག་གིས་ཁེངས་ཡོད།

2015ལོར། མཛོ་རོ་སྡེ་བའི་ཧྲེ་གཉིས་པའི་ཐོག་ཤུལ་མགུར་སྐྱིད་ལ་ལུས་བཤེར་བྱས་པ་བརྒྱུད་ནད་རིགས་མང་པོ་བྱུང་ཡོད་པ་ཤེས་ཤིང་། ནད་བབ་ཉེན་ཚབས་ཆེ་ལ། སྔ་གཞུག་ཏུ་གསོ་བཅོས་ཐེངས་མང་བྱས་པ་དེས་མ་གཞི་ནས་འབྱོར་བ་དེ་འདྲ་བཟང་རྒྱུ་མེད་པའི་ཁྱིམ་ཚང་དེར་ཁ་བའི་སྟེང་ལ་བ་མོ་བསྣན་པ་ལྟར་བྱས། ཤ་ཉེ་གྲོགས་པོ་ཡོངས་ལའང་སྒོར་མོ་བསྐྱི་རྒྱུ་མེད་པར་གཏུགས་པས། བུ་ལོན་གཅིག་ཐོག་ཉིས་བརྩེགས་ཡོད་པའི་ཁོ་ལ་གསོ་བཅོས་བྱེད་མཚམས་འཇོག་རྒྱུའི་བློ་སྐྱེས་བྱུང་།

ཨོ་རྒྱན་བསོད་ནམས་ཀྱིས་གནས་ཚུལ་དེ་ཤེས་རྗེས། ཐབས་བཀོད་སྣ་ཚོགས་འཐེན་ཏེ་ཐོག་ཤུལ་མགུར་སྐྱིད་ལ་སྒོར་མོ་གྲབས་གསོག་བྱས་ནས་མུ་མཐུད་དུ་གསོ་བཅོས་བྱས་ཤིང་། ཞལ་འདེབས་སློང་བ་དང་མ་མཐའི་འཚོ་བའི་འགན་སྲུང་རེ་ཞུ་བྱེད་པ། ནད་ལྕི་མོའི་ཁ་གསབ་དང་སྨན་ཁང་ལ་འབྲེལ་གཏུག་སོགས་བྱས་པས། དུས་ཡུན་དེའི་རིང་ལ། ཨོ་རྒྱན་བསོད་ནམས་ཀྱིས་དོན་དག་གཅིག་ལ་འབྲེལ་གཏུག་བྱས་ཚར་རྗེས། མྱུར་དུ་ཐོག་ཤུལ་མགུར་སྐྱིད་ཚང་ལ་གནས་ཚུལ་བཤད་དུ་རྒྱུག་པ་དང་། ཐེངས་རེ་རེར་འདུར་རྒྱུག་ཁྲོད་དམངས་ལ་བརྩེ་བའི་ལྷག་བསམ་དཀར་པོ་དེ་བྱུང་།

ཨོ་རྒྱན་བསོད་ནམས་ཀྱིས་དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

མཇུག་མཐར། ཨོ་རྒྱན་བསོད་ནམས་དང་ཕྱོགས་སོ་སོའི་འབད་བརྩོན་འོག ལག་དངུལ་སྒོར་འབུམ་གཅིག་དང་ཁྲི་དྲུག་སྟོང་དགུ་གྲབས་གསོག་བྱུང་སྟེ། ཐོག་ཤུལ་མགུར་སྐྱིད་ལ་གསོ་བཅོས་བྱས་མོད། ཡིན་ཡང་ནད་བབ་ཧ་ཅང་ཚབས་ཆེན་ཡིན་པའི་དབང་གིས་མཇུག་མཐར་སྟབས་མ་ལེགས་པར་སྨན་ཁང་ནས་ཚེ་ལས་འདས།

“དོན་དག་འདིས་ང་ལ་བློ་སྒོ་ཆེན་པོ་ཕྱེས་བྱུང”ཞེས་ཨོ་རྒྱན་བསོད་ནམས་ཀྱིས་དེ་ལྟར་བཤད། དུས་སྐབས་དེར་རེབ་ཐེངས་ག་ཙམ་ཞིག་རྒྱུག་མྱོང་བ་མི་ཤེས་མོད། ཡིག་ཆ་སྣ་ཚོགས་གྲ་སྒྲིག་བྱེད་དགོས་ལ། བདེན་དཔང་ཡི་གེ་སྣ་ཚོགས་ཀྱང་ཁ་ཚང་དགོས། ཕར་རྒྱུག་ཚུར་རྒྱུག་བྱས་ནས་ངོ་མ་ཞེ་དྲག་ཐང་ཆད་སོང་། གལ་ཏེ་མང་ཚོགས་རང་ཉིད་རྒྱུག་པ་ཡིན་ན། འབྲེལ་འདྲིས་ལ་དཀའ་ཁག་ཡོད་པ་དང་ནུས་པ་ལ་ཚད་ཡོད་པས། འདི་དག་ཚང་མ་གནད་དོན་རེད། འདིར་ཕྱིར་འདང་རྒྱག་སྐབས། ཨོ་རྒྱན་བསོད་ནམས་ཡང་བསྐྱར་མ་ཁོམ་པར་འདུག

ཨོ་རྒྱན་བསོད་ནམས་ཀྱིས་སྤྱི་ཚོགས་སྟེང་གི་བྱམས་ལྡན་མི་སྣ་རྩ་འཛུགས་བྱས་ནས་གྲོས་བསྡུར་བྱས་པ་དང་། སྲིད་གཞུང་གི་ཁོངས་མི་བསྡུས་ནས་སྐུལ་སློང་ཚོགས་ཆེན་བསྡུས་ཏེ་ཇུས་གཞི་དང་སྒྲིག་ཡིག་གཏན་འབེབས་བྱེད་པ། སྒོར་འབུམ་གཅིག་དང་ཁྲི་བཞི་ཡི་ནད་རིགས་ལྕི་མོའི་རོགས་སྐྱོར་དངུལ་རྩ་འཛུགས་པ། ཆེད་བསྐོས་མི་སྣས་ཆེད་དངུལ་དང་ཆེད་དམིགས་ལས་གཞི་ལ་འགན་འཁུར་དུ་བཅུག་པ་དང་། མང་ཚོགས་རྒྱུག་ཐེངས་ཇེ་ཉུང་དུ་གཏོང་བ་། ཆེད་དུ་རང་ཞང་གི་ཁྱད་དབུལ་མང་ཚོགས་ཀྱི་ནད་རིགས་ལྕི་མོའི་སྟེང་དུ་སྤྱོད་པ་བཅས་བྱས། བྱེད་ཐབས་འདི་ནི་ཡང་དག་ཅིང་དུས་ཐོག་ཡིན་པ་དོན་དངོས་ལས་ར་སྤྲོད་བྱུང་བས། ལོ་འགའ་འགོར་རྗེས། ཡང་བསྐྱར་སྔ་གཞུག་ཏུ་དབུལ་ཕོངས་མང་ཚོགས་མི་བཅུ་ལྷག་ལ་རོགས་སྐྱོར་ཐོབ།

མི་གཞན་ཉེན་ཁ་དང་སྡུག་བསྔལ་གྱི་གནས་ལས་བསྐྱབས་པས། ཨོ་རྒྱན་བསོད་ནམས་ཀྱི་བྱེད་ལུགས་བྱེད་སྟངས་ཀུན་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་ཀྱིས་མིག་གིས་མཐོང་ཡོད། སྔོན་ཆད་གོ་བ་མ་ལོན་ཞིང་རྒྱབ་སྐྱོར་མི་བྱེད་པའི་མང་ཚོགས་ཀྱིས་ཀྱང་ཁོ་ལ་བཟུང་བའི་རྣམ་འགྱུར་རྩ་བ་ནས་འགྱུར་ཏེ། རྒྱང་ཐག་རིང་བ་ནས་ཉེ་བར་གྱུར་པ་དང་ཉེ་བ་ནས་གཉེན་ཉེ་ལྟ་བུར་གྱུར།

འགན་འཁྲི་ཕྲག་ཏུ་ལེན་ཕོད་པ་བྱས་ཏེ། དམངས་ཚིས་ཆེད་དུ་ལས་འགན་ཅི་ལྕོགས་སྒྲུབ་པས་དམངས་སེམས་ཚིམ།

མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་སུམ་བརྒྱ་ཡོད་པ་དང་པད་མ་རྫོང་མཁར་དང་བར་ཐག་སྤྱི་ལེ་བརྒྱ་དང་སོ་ལྔ་ཡོད། ལོ་ངོ་བརྒྱད་ཀྱི་དུས་ཡུན་རིང་། འདི་ནི་ཨོ་རྒྱན་བསོད་ནམས་ཀྱིས་བྱ་བ་བསྒྲུབས་མྱོང་བའི་རྫོང་མཁར་དང་ཆེས་ཐག་རིང་ཞིང་། ཁོར་ཡུག་ཆེས་སྡུག་པའི་སྟག་མཁར་ཞང་རེད། སྟག་མཁར་ཞང་གི་མངའ་ཁོངས་སུ་ལམ་ཆེན་སྡེ་བ་དང་རྡོ་སྙིང་སྡེ་བ། གདོང་བཀྲམ་སྡེ་བ། མཛོ་རོ་སྡེ་བ་སོགས་སྲིད་འཛིན་སྡེ་བ་བཞི་ཡོད་ལ། ཁོད་སྙོམས་པའི་གྲོང་གསེབ་ཀྱི་བྱེ་རྡོ་ལམ་དང་སྲ་བསྒྱུར་གཞུང་ལམ་སོགས་ནི་ཨོ་རྒྱན་བསོད་ནམས་ཀྱི་བདེ་སྐྱིད་ལྡན་པའི་ཕྱིར་དྲན་དུ་བཀོད་ཡོད།

ཨོ་རྒྱན་བསོད་ནམས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ས་འདིའི་བརྒྱ་ཆའི་གོ་བདུན་གྱི་འབྲོག་པ་མང་ཚོགས་ནི་མི་རབས་ནས་མི་རབས་བརྒྱུད་དེ་འདི་འདྲའི་དཀའ་སྡུག་ཆེ་ཞིང་རྒྱང་ཐག་རིང་བའི་མཐོ་སྒང་དུ་འཚོ་བ་རོལ་བ་ཡིན་པས། དབུལ་ཐར་ཕྱུག་བསྒྱུར་བྱེད་པར་དཀའ་ཁག་དང་འགྲན་སློང་ཆེན་པོ་ཡོད། “ཕྱུག་པོར་བསྒྱུར་དགོས་ན། སྔོན་ལ་ལམ་ལས”ཞེས་པ་ལྟར། 2011ལོར་སྟག་མཁར་ཞང་ལ་སླེབས་པའི་ཨོ་རྒྱན་བསོད་ནམས་ཀྱིས་ལམ་ལས་མགོ་བརྩམས།

ཨོ་རྒྱན་བསོད་ནམས་ཀྱིས་ཕྱོགས་གཅིག་ནས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཕྱོགས་གཅིག་ནས་གཟའ་འཁོར་རེ་རེར་རྫོང་སྲིད་གཞུང་དུ་ཞང་ཐོག་གི་གནས་ཚུལ་ཡར་ཞུ་བྱེད་དུ་སོང་ནས། མང་ཚོགས་ཀྱི་གནད་དོན་ཡར་ཞུ་བྱས་ཤིང་། ཧུར་ཐག་གིས་ལས་གཞི་བརྩོན་ལེན་བྱས། མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར། ཁོའི་རེ་འབོད་ལ་གོང་རིམ་གྱི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་གནང་སྟེ། ཞང་སྲིད་གཞུང་སྟག་ཐོག་དགོན་པར་བཅའ་སྡོད་བྱས་པ་དང། མཛོ་རོ་ལུང་བ་དང་ཕར་ཆེ་ལུང་བ་བཅས་སུ་སྔ་གཞུག་ཏུ་སྲ་བསྒྱུར་གཞུང་ལམ་འཛུགས་སྐྲུན་བྱེད་དགོ་བརྩམས།

འདི་ལྟར་ལོ་རེར་ལམ་དུམ་མཚམས་རེ་ལས་ནས། ལོ་འགའ་འགོར་རྗེས། སྟག་མཁར་ཞང་གི་རྡོ་སྙིང་སྡེ་བ་དང་གདོང་བཀྲམ་སྡེ་བ། མཛོ་རོ་སྡེ་བའི་སྡེ་དམངས་ཕྱིར་བསྐྱོད་སྐབས“གནམ་ངོ་ཐང་དུས་ལུས་ཡོངས་ས་རྡུལ་གྱིས་ཁེངས་པ་དང་། ཆར་འབབ་དུས་ལུས་ཧྲིལ་པོར་འདམ་བག་གིས་རྫོབ་པ”ཡི་ལོ་རྒྱུས་དང་གཏན་དུ་གྱེས་པས། སྡེ་མི་ཚང་མས“ཧྲུའུ་ཅི་ཚོ་སྟུག”ལ་བསྟོད་པའི་མཐེ་བོང་བསྒྲེངས།

ལོ་འགའི་རིང་ལ། ཁོས་སྔ་གཞུག་ཏུ་གོང་རིམ་ནས་གནད་ཆེ་བའི་དམངས་ཚིས་ལས་གཞིའི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བརྩོན་ལེན་བྱས་ཏེ། ལས་བྱེད་པའི་འཁོར་སྐྱོད་ཁང་བ་དང་ཞང་མངགས་གཏོང་ཁང་དང་འཕྲོད་བསྟེན་ཁང་གི་ལས་སྒོའི་ཁང་བ། གཞན་སར་གནས་སྤོར་བའི་ལས་གཞི། ཉེན་ཁང་བསྒྱུར་བཀོད། བྱ་དགའི་རང་བཞིན་གྱི་སྡོད་ཁང་། དགོན་པའི་གློག་སྐུད་བསྒྱུར་བཀོད་དང་ཞང་སྲིད་གཞུང་གི་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་སོགས་སྤུས་ལེགས་དམངས་ཕན་ལས་གཞི་འབོར་ཆེན་ཞིག་གི་ཐད་སྤྱད། དོན་གང་ཡིན་ཡང་ཚང་མ་ངེས་པ་དོན་གྱི་དམངས་ཕན་སྲིད་ཇུས་དག་དག་ཡིན་ལ། སྣ་གང་ཡིན་ཡང་ཁོ་རང་གྲས་སུ་ཞུགས་ནས་སེམས་ཁུར་བྱས་མྱོང་།

མང་ཚོགས་ཀྱི་དཀའ་ཁག་བསལ་བ་དང་། མཐུན་སྒྲིལ་གྱི་ཆེད་དུ་རྩོད་གླེང་འདུམ་འགྲིག་བྱས་ནས་བདེ་སྐྱིད་བསྙེགས།

རྟག་པར་གཞི་རིམ་དུ་ཡོད་པའི་ཨོ་རྒྱན་བསོད་ནམས་ཀྱིས་འབྲོག་ཁུལ་དུ་སྤྱི་ཚོགས་དཔལ་འབྱོར་ལེགས་པོར་འཕེལ་རྒྱས་སུ་འགྲོ་དགོས་བསམ་ན། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་གི་རྒྱུ་རྐྱེན་གཉིས་ནི་གནད་འགག་ཡིན་པ་གསལ་པོར་ཤེས་ཡོད།

ཨོ་རྒྱན་བསོད་ནམས་ཀྱིས་བཤད་རྒྱུར། “ངའི་རིག་གནས་ཀྱི་ཆུ་ཚད་མཐོ་རྒྱུ་མེད་མོད། ཡིན་ཡང་ངས་མི་རིགས་ལས་བྱེད་པའི་ལེགས་ཆ་ཧུར་ཐག་གིས་འདོན་སྤེལ་བྱ་འོས་ལ། ང་ཚོ་མཐུན་སྒྲིལ་བྱུང་ན་ད་གཟོད་བདེ་སྐྱིད་བཙལ་ནས་རྙེད་ངེས་ཡིན། སྐབས་ལ་ལར་ངོ་མ་དཀའ་ཁག་ཆེ་ཞིང་ཧ་ཅང་ཐང་ཆད་ནའང་། ཆེས་ཐོག་མའི་གདམ་ཀ་ལ་འགྱོད་པ་ཡེ་ནས་སྐྱེས་མ་མྱོང་ལ། ང་རང་རང་ཉིད་སྐྱེས་ཤིང་བསྐྱངས་མྱོང་བའི་ཡུལ་གྲུ་འདི་ལ་དགའ།”

སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་དགོས། ཨོ་རྒྱན་བསོད་ནམས་ཀྱིས་སྣེ་ཁྲིད་དེ་དུས་ཚོད་ཉེར་བཞིའི་རིང་ལ་སྐོར་ཞིབ་དང་ལས་རེས་གྲ་སྒྲིག་བྱེད་པ་གཟབ་ནན་གྱིས་ལག་བསྟར་བྱས། ལས་གྲོགས་ཀྱི་ཁྱིམ་དུ་བྱ་བ་ཡོད་ཚེ་ཁོས་འགན་དུ་ལེན་ཞིང་། ལས་གྲོགས་ཀྱི་སེམས་ཁམས་སྐྱིད་པོ་མིན་དུས་ཁོས་ཆེས་སྔོན་ལ་སེམས་གསོ་བྱས་པ་དང་། དུས་མཉམ་དུ། ཨོ་རྒྱན་བསོད་ནམས་དུས་རྒྱུན་དུ་གཞི་རིམ་གྱི་ལས་ཡུལ་དང་པོར་ཟབ་ཞུགས་བྱས་ནས་ཁྲིམས་སྲོལ་དང་སྲིད་ཇུས་སྣ་ཚོགས་དང་བརྟན་སྲུང་བྱ་བ་སོགས་གནད་ཆེ་བའི་བྱ་བའི་དྲིལ་སྒྲོག་སློབ་གསོའི་སྣེ་ཁྲིད་དེ་སྤེལ་བ་རེད། ལོ་འགའི་རིང་ལ། ཨོ་རྒྱན་བསོད་ནམས་ཀྱིས་རིགས་སོ་སོའི་འགལ་བ་དང་རྩོད་གཞི་སུམ་ཅུ་ལྷག་འདུམ་འགྲིག་དང་ཐག་གཅོད་བྱས།

ཨོ་རྒྱན་བསོད་ནམས་ཀྱིས་དུས་རྒྱུན་གྱི་བྱ་བའི་ཁྲོད་དམངས་ལ་དགའ་ཞིང་དམངས་ལ་བརྩེ་བས། འབྲོག་པ་ཚོ་དང་བརྩེ་བ་ཟབ་མོ་ཆགས་ཡོད། འབྲོག་པ་ཚོས་ཀྱང་ཁོའི་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་དེ། “ཁ་དྲོ། ཁ་དྲོ”ཞེས་པའི་བཀའ་དྲིན་ཞུ་སྐད་རེ་རེ་ཡིས། ཨོ་རྒྱན་བསོད་ནམས་ཀྱི་འཛུམ་མདངས་ལྷུག་པོར་གྲོལ་དུ་འཇུག་ཐུབ།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།