ཟླ8པའི་ཚེས3ཉིན།བཅར་འདྲི་ཚན་ཆུང་ན་གོར་མོ་གྲོང་ཁྱེར་དུ་སླེབས་ཏེ།དམག་སྤྱི་མུའུ་ཧྲེང་ཀྲུང་གི་བཞུགས་སྒར་རྙིང་པ་དང་དམག་སྤྱི་རྗེས་དྲན་ཁང་སོགས་ལ་ལྟ་སྐོར་བྱས་པ་ཡིན།
དམག་སྤྱི་མུའུ་ཧྲེང་ཀྲུང་གི་སྣེ་ཁྲིད་འོག1954ལོའི་ཟླ12པར་མཚོ་བོད་གཞུང་ལམ་ཤར་གཏོང་བྱས་པ་དེས་བོད་ལྗོངས་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཏེ།བོད་ལྗོངས་དང་མེས་རྒྱལ་གྱི་རིགས་སོ་སོའི་མི་དམངས་བར་གྱི་འགྲོ་འོང་སྔར་ལས་སྟབས་བདེར་སོང་ཞིང་།མེས་རྒྱལ་གཅིག་གྱུར་དང་།རིག་གནས་བརྗེ་རེས།དཔལ་འབྱོར་ཉོ་ཚོང་།མི་རིགས་མཐུན་སྒྲིལ་སོགས་ལ་སྔར་བྱུང་མ་མྱོང་བའི་ནུས་པ་བཏོན།
སྤྱི་ལོ1954ལོའི་ཟླ5པར།དམག་སྤྱི་མུའུ་ཧྲེང་ཀྲུང་གིས་བཟོ་དམག་དང་ལས་མི་ཉིས་སྟོང་ལྷག་གི་སྣེ་ཁྲིད་དེ། ན་གོར་མོ་གྲོང་ཁྱེར་ནས་ལྷ་སའི་བར་གྱི་རིང་ཚད་ལ་སྤྱི་ལེ1300ཡོད་པའི་མཚོ་བོད་གཞུང་ལམ་ལས་མགོ་ཚུགས།མྱ་ངམ་ཐང་ལྟ་བུའི་གནས་འདི་ནས་མགོ་ཚུགས་ཏེ་མཚོ་བོད་གཞུང་ལམ་ལས་རྒྱུ་ནི་ལས་ཚེགས་ཧ་ཅང་ལྕི་ཞིང་ལམ་ཐག་ཤིན་ཏུ་རིང་བའི་ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་ཞིག་རེད།ཁོང་གིས་དཀའ་ཁག་ལ་མགོ་མི་སྒུར་བའི་སྙིང་སྟོབས་དང་གཞན་དོན་དུ་ཡོད་ཚད་འབུལ་ཐུབ་པའི་གཤིས་སྤྱོད་དེས་ལས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་།ལས་མི་ཚོ་དང་སྐྱིད་སྡུག་མཉམ་མྱོང་གིས་གནས་དེ་རུ་རས་གུར་ཕུབ་ནས་བསྡད་དེ།ཆུ་འཁྱག་འཐུངས་ཤིང་།གོ་རེ་སྐམ་པོ་ཟོས་ཏེ། འཇོར་དང་།ལྕགས་ཁེམ།ཐོ་བ་སོགས་ལ་བརྟེན་ནས།རིམ་བཞིན་ན་གོར་མོ་ནས་ལྷ་སའི་བར་གྱི་མཚོ་བོད་གཞུང་ལམ་ཡོངས་སུ་གྲུབ། མཚོ་བོད་གཞུང་ལམ་ཡོངས་སུ་འགྲུབ་པའི་བར་ལ་ཁྱོན་བསྡོམས་ཟླ7དང་ཉིན4ཙམ་ལས་མ་འགོར་བ་དེ་ནི།རང་རེའི་རྒྱལ་ཁབ་མ་ཟད།འཛམ་གླིང་དུའང་ངོ་མཚར་བའི་ལོ་རྒྱུས་བསྐྲུན་ཡོད་ཅེས་བརྗོད་ཆོག
འཛམ་གླིང་གི་ཡང་རྩེ་འདི་རུ་མཚོ་བོད་མཁའ་ལམ་བསྐྲུན་པའི་ངོ་མཚར་གྱི་གཏམ་རྒྱུད་བྱུང་བ་དེ་ནས།“དཀའ་ཁག་ལ་མི་སྐྲག་པ་དང་།འཆི་བར་མི་འཇིགས་པ།བློ་བརྟན་འགྱུར་བ་མེད་པ། ལམ་རྡོ་ལྟ་བུ་བྱེད་འདོད་པ། དམངས་དམག་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིགས་མཐུན་སྒྲིལ་བྱེད་པ”བཅས་ནི“ལམ་གཉིས”སྙིང་སྟོབས་སུ་གྱུར་ཅིང་།ཁོང་གིས་ན་གོར་མོ་ཞེས་པའི་མཐོ་སྒང་གི་གྲོང་ཁྱེར་འདི་ཡི་རྨང་གཞི་བཏིང་བའི་བྱུང་རབས་ཀྱིས་ན་གོར་མོ་གྲོང་ཁྱེར་གྱི་མི་རྣམས་ལ་དུས་བསྟུན་ལྷན་སྐྱོད་ཀྱི་སྐུལ་མ་གཏོང་བཞིན་ཡོད།
1993ལོའི་ཟླ8པར། དགུང་ལོ83བཞེས་པའི་དམག་སྤྱི་མུའུ་ཧྲེང་ཀྲུང་ཡང་བསྐྱར་ལེ་བར་སྟོང་གི་མཚམས་ནས་ན་གོར་མོར་གཟིགས་སྐོར་དུ་ཕེབས། ཁོང་ཉིད་དམག་སྤྱིའི་ཐོག་ཁང་གི་མདུན་དུ་ལངས་ཏེ།རང་དབང་མེད་པར་སྤྱན་ཆབ་བཞུར།མགྲིན་པ་བརྣངས་ནས་སྐད་ཆ་ཚིག་གཅིག་ཀྱང་མི་ཤོད་པར་སྐར་མ10ལ་ཁུ་སིམ་མེར་བསྡད།དེ་ནས་ཁ་ཕྱིར་འཁོར་ཏེ་དམག་སྤྱིའི་ཐོག་ཁང་དང་གྱེས་ཁར།ཁོང་གིས་འདི་ལྟ་བུའི་སྐད་ཆ་ཞིག་བཤད་མྱོང་སྟེ།“འདི་ནི་ངའི་མི་ཚེ་འདི་ལ་མཚོ་བོད་གཞུང་ལམ་སྟེང་ཡོང་བ་ཆེས་མཐའ་མ་དེ་ཡིན་སྲིད།གལ་ཏེ་ནམ་ཞིག་གི་ཚེ་ན།མར་ཁེ་སི་ལགས་ཕྲན་དང་འཕྲད་འདོད་ཚེ།ང་རང་ཡང་བསྐྱར་མཚོ་བོད་གཞུང་ལམ་སྟེང་བསླེབ་ངེས”ཞེས་པ་ནི་ཁོང་གིས་ན་གོར་མོ་གྲོང་ཁྱེར་དུ་བཞག་པའི་ཆེས་མཐའ་མའི་གསུང་སྐད་དུ་གྱུར།
“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ”ཡི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཆེད་དུ། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་གསར་འགོད་པ་འཁོར་དང་བཅས་པས་དམག་སྤྱི་མུའུ་ཧྲེང་ཀྲུང་གི་རྗེས་དྲན་རྡོ་རིང་གི་མདུན་ནས་ཏང་ལ་ཞུགས་པའི་དམ་ཚིག་ཡང་བསྐྱར་སྒྲོག་འདོན་བྱས།
དམག་སྤྱི་ཁོང་གིས་ཁོ་རང་སྐུ་གཤེགས་རྗེས། “ངའི་རུས་ཐལ་ཁུ་ནུ་རི་བོའི་ཕང་བར་གཏོར་དང་།ང་རང་མཚོ་བོད་གཞུང་ལམ་སྟེང་ཟམ་མི་ཆད་པར་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་རླངས་འཁོར་གྱི་ལྡིར་སྒྲ་དང་འགྲོགས་ནས་གཏན་དུ་གཟིམ་ཆོག”ཅེས་ཀྱང་གསུང་མྱོང་།
1994ལོའི་ཟླ10པའི་ཚེས19ཉིན།དམག་དཔོན་མུའུ་ཧྲེང་ཀྲུང་ཚེ་ལས་འདས།མཚོ་བོད་ལྕགས་ལམ་གྱིས་ཁོང་ལ་རྒྱལ་ཁ་བསྩལ་མྱོང་ལ་འོ་བརྒྱལ་ཡང་གཏད་མྱོོང་ནའང་།ཁོང་གིས་མཚོ་སྔོན་དང་བོད་ལྗོངས་ཀྱི་མི་དམངས་ལ་ཉམས་པ་མེད་པའི་ལོངས་སྤྱོད་བསྐྲུན་ཡོད་པས།ཕྱི་རབས་པའི་དྲན་ངོགས་ན་ཁོང་གི་སྣང་བརྙན་གསོན་པོ་རྟག་ཏུ་བཞུགས་ཡོད། །
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།