ང་ཡི་སྲུང་སྐྱོབ་ལ་བརྟེན་ནས་ཕ་ཡུལ་མཛེས་སྡུག་ལྡན་པར་འགྱུར་ཐུབ་པར་སྨོན།
2019.10.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དང་སྤྱི་ལེ་བརྒྱ་དང་ཉེར་བདུན་ཡོད་པའི་མདོ་ལའི་རི་འདབས་སུ་བཟའ་མི་གཉིས་ཡོད། ཁོ་གཉིས་ཀྱི་ཆུ་ནག་གཙང་བོའི་མགོ་ཁུངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱའི་ས་གནས་དེ་སྲུང་སྐྱོབ་བྱེད་བཞིན་ཡོད། ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་སོག་པོའི་ཕོ་རྒོད་གཡུ་སྐྱོང་ནོར་བུ་དང་ཁོའི་ཆུང་མ་གཉིས་ཀྱིས་དབེན་གནས་དེ་རུ་དེ་ལྟར་འཚོ་བ་རོལ་བཞིན་ཡོད།

“ངས་མུ་མཐུད་དུ་ཕ་ཡུལ་གྱི་ས་གནས་འདི་སྲུང་སྐྱོབ་བྱས་ཏེ་རིམ་གྱིས་གནས་འདིར་སྔོན་ཆད་ཀྱི་མཛེས་སྡུག་གི་རྣམ་པ་མངོན་ན་བསམ་བཞིན་ཡོད།”ཅེས་གཡུ་སྐྱོང་ནོར་བུས་བཤད།

མདོ་ལ་རྫོང་ཆུ་ནག་གཙང་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་སྲུང་སྐྱོབ་བཟོ་སྐྲུན་དོ་དམ་ས་ཚིགས་སུ་ངོ་གདོང་ནག་ཅིང་སྨུག་མདངས་ཆགས་པའི་གཡུ་སྐྱོང་ནོར་བུའི་གདོང་ལ་འཛུམ་གྱིས་ཁེངས་འདུག་ཅིང་། ཁོའི་ཆུང་མ་དུང་མོ་མཚོ་ཁང་པའི་མདུན་གྱི་སྐས་རྐང་སྟངས་འགྲེངས་ནས་གདོང་ལ་འཛུམ་ཞིག་ལངས་ནས་འདུག  འདི་ནི་ཆུ་ནག་འབབ་རྒྱུད་ཀྱི་དོ་དམ་ས་ཚིགས་གཅིག་པུ་རེད།

ཉིས་སྟོང་དྲུག་ལོར། དམག་ཁོངས་ནས་ཕྱིར་ཕ་ཡུལ་འབྲོང་ལུང་ཞང་ཏ་ཆོན་སྡེ་བར་ལོག་མ་ཐག་པའི་གཡུ་སྐྱོང་ནོར་བུ་ཡིས་ཡང་བསྐྱར་ཕྱུགས་འཚོ་བའི་ལས་ཀ་གཉེར་མགོ་བརྩམས། ཡིན་ནའང་ས་གནས་དེའི་རྩྭ་ཐང་ས་ནག་ཏུ་གྱུར་བ་ཚབས་ཆེ་བའི་དབང་གིས་གཡུ་སྐྱོང་ནོར་བུས་ཕྱུགས་ཟོག་མང་པོ་འཚོ་བཞིན་མེད་ལ་ཁྱིམ་ཚང་གི་ཡོང་འབབ་ཀྱང་དེ་འདྲ་བཟང་རྒྱུ་མེད།

“སྐབས་དེར། མདོ་ལ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཆུ་ནག་མགོ་ཁུངས་ཀྱི་འབབ་རྒྱུད་ས་ཁུལ་དུ་དོ་དམ་ས་ཚིགས་ཤིག་འཛུགས་པར་དོ་དམ་བྱེད་མཁན་གྱི་མི་སྣའི་སྐོར་ནས་ཐོག་མར་དམག་ཁོངས་ནས་ཕྱིར་བུད་པའི་མི་སྣ་བསྡུ་རྒྱུར་ཐག་གཅོད་བྱས། གནས་ཚུལ་དེ་ཐོས་རྗེས། ངས་བསམ་བློ་མང་པོར་མ་བཏང་བར་དོ་དམ་ས་ཚིགས་སུ་ཡོང་རྒྱུར་སེམས་ཐག་བཅད་པ་ཡིན། ”གཡུ་སྐྱོང་ནོར་བུའི་དུས་རྒྱུན་གྱི་འཚོ་བར་བདག་སྐྱོང་བྱེད་པའི་ཕྱིར་དུ་ཁོའི་ཆུང་མ་དུང་མོ་མཚོ་ཡང་དོ་དམ་ས་ཚིགས་འདིར་ཡོང་བ་རེད།

དུས་དེ་ནས་བཟུང་སྟེ། ཆུ་ནག་མགོ་ཁུངས་ཀྱི་འབབ་རྒྱུད་ས་ཁུལ་དུ་དོ་དམ་ས་ཚིགས་ཤིག་མང་དུ་སོང་བ་རེད། ཁོ་བཟའ་མི་གཉིས་ཀྱིས་གཟའ་འཁོར་རེ་རེའི་ནང་དུ་སྤྱི་ལེ་གྲུ་བཞི་མ་ཉིས་བརྒྱ་ལྷག་ཡོད་པའི་ས་ཁུལ་དེར་སྐོར་ཞིབ་ཐེངས་གཉིས་རེ་བྱེད་ཀྱི་ཡོད་པ་དང་སྐོར་ཞིབ་བྱེད་ཐེངས་རེ་ལ་དུས་ཚོད་བརྒྱད་ནས་དགུ་ལྷག་དགོས།

ཁོ་བཟའ་མི་གཉིས་ཀྱིས་སྐོར་ཞིབ་བྱེད་དུས་རྒྱུན་དུ་འཕྲུལ་རྟ་གཅིག་ལ་ཞོན་ནས་མཉམ་དུ་ལམ་ལ་ཆས་བཞིན་ཡོད། དོ་དམ་ས་ཚིགས་དེ་རྫོང་མཁར་དང་ལམ་ཐག་རིང་བའི་རྐྱེན་གྱིས་གཡུ་སྐྱོང་ནོར་བུ་བཟའ་མི་གཉིས་ཀྱིས་སྔོ་ཚལ་གསར་བའི་རིགས་བཟའ་ཐུབ་ཀྱི་མེད་པ་དང་། གསོག་འཇོག་བྱས་ཡོད་པའི་ཞོག་ཁོག་ནི་ཁོ་གཉིས་ཀྱི་དུས་རྒྱུན་གྱི་བཟའ་ཆས་གཙོ་བོར་གྱུར་ཡོད། ད་ལྟ་དོ་དམ་ས་ཚིགས་དེའི་གློག་ཀྱང་གཙོ་བོ་འོད་འདོན་གློག་ནུས་ལ་བརྟེན་ཡོད་པ་དང་མེ་ཐབ་ནི་ཁོ་ཚང་གི་དྲོད་འདོན་ཡོ་བྱད་གཙོ་བོ་ཡིན།

“དགུན་ཁར་ཤིན་ཏུ་འཁྱགས་པའི་དུས་སྐབས་སུ་ང་རང་མཚན་མོར་ཐེངས་གསུམ་རེར་ཡར་ལངས་ནས་ལྕགས་ཐབ་ནང་དུ་མེ་འཇོག་དགོས། དེ་ལྟར་མ་བྱས་ཚེ་གྲང་ནས་བཟོད་གླགས་མི་རྙེད།”ཅེས་གཡུ་སྐྱོང་ནོར་བུས་བཤད།

དེ་འདྲ་ཞིག་ཡིན་མོད་དོ་དམ་ས་ཚིགས་ཀྱི་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་དེ་སྔོན་ཆད་ཁོ་རང་ཐོག་དང་པོར་ཡོང་བའི་སྐབས་དང་བསྡུར་ན་ཇེ་ལེགས་སུ་ཕྱིན་འདུག

“ཉིས་སྟོང་དྲུག་ལོར།  དོ་དམ་ས་ཚིགས་འདི་ཐོག་མར་འཛུགས་དུས་ནི་སྦྲ་གུར་ཞིག་ལས་ཅི་ཡང་མེད་པ་དང་། ང་ཚོས་བཟའ་བཏུང་བྱེད་ས་དང་འདུག་གནས་ཚང་མ་སྦྲ་གུར་དེ་ལས་མེད། ”ཅེས་གཡུ་སྐྱོང་ནོར་བུས་བཤད། སྐབས་དེར་དངོས་གནས་དཀའ་ཁག་ཆེ་སྟེ། ཐ་ན་ཁ་པར་ཡང་མེད་པས་དོན་དག་ཅི་ཞིག་ཡོད་ཚེ་དུས་ཐོག་ཏུ་རྫོང་ལ་ཡར་ཞུ་བྱེད་ཐུབ་ཀྱི་མེད།

དེ་ནས་ལོ་གཅིག་འགོར་རྗེས་སུ་སྦྲ་གུར་དེའི་ཚབ་ཏུ་སྟབས་བདེ་ཁང་པ་ཞིག་ལས་པ་དང་། དེ་ཡང་མི་གཞན་གྱིས་བལྟས་ན་ཆ་རྐྱེན་སྔར་བཞིན་དེ་འདྲ་ཞིག་བཟང་རྒྱུ་མེད་ཀྱང་གཡུ་སྐྱོང་ནོར་བུ་དངོས་གནས་ཡིད་ཚིམས་ནས་བསྡད་ཡོད།

གཡུ་སྐྱོང་ནོར་བུ་བཟའ་མི་གཉིས་ཀྱི་ཟླ་གཅིག་གི་ཡོང་འབབ་ནི་སྒོར་མོ་སྟོང་གསུམ་ཙམ་ལས་མེད་མོད། གཡུ་སྐྱོང་ནོར་བུར་མཚོན་ན་དེའི་ཐད་ལ་བསམ་བློ་མང་པོ་གཏོང་གི་མེད། རྒྱུ་མཚན་ནི་ཁོ་བཟའ་མི་གཉིས་ལ་ཟླ་རེར་བཞིན་བརྟན་འཇགས་ཀྱི་ཡོང་འབབ་ཡོད་པར་མ་ཟད། རང་གི་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་དེ་ཡང་རིམ་བཞིན་ལེགས་ཕྱོགས་སུ་འཕེལ་བཞིན་པའི་སྣང་ཚུལ་དེ་མཐོང་བས་སེམས་ལ་དགའ་སྤྲོས་ཁེངས་ནས་ཡོད།

ཉེ་བའི་ལོ་འགའི་རིང་མི་རྣམས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་མཐོར་སོང་བ་དང་བསྟུན་ནས་ས་གནས་ཀྱི་མང་ཚོགས་མི་ཉུང་བ་ཞིག་ཀྱང་རང་འགུལ་གྱིས་སྐྱེ་ཁམས་དོ་དམ་པའི་ལས་རིགས་སུ་ཞུགས། ཡིན་ནའང་གཡུ་སྐྱོང་ནོར་བུས་དོ་དམ་པའི་ལས་འགན་དེ་ཁུར་བ་ནས་བཟུང་། དུས་རྒྱུན་དུ་ཁྲིམས་འགལ་མི་སྣ་མང་པོར་ཐུག་གི་ཡོད་པར་མ་ཟད་ཁོ་ཚོ་དང་ཁ་རྩོད་ཀྱང་རྒྱག་གི་ཡོད་པ་རེད།

“ཉིས་སྟོང་བཅུ་གཉིས་ལོའི་ཟླ་དྲུག་པའི་ཉིན་ཞིག་ལ་ང་ཚོས་དོ་དམ་ས་ཁུལ་དུ་ས་སློག་འཕྲུལ་ཆས་འགའ་མཐོང་ཞིང་དེའི་འགྲམ་དུ་ལས་ཀ་བ་འགས་ཆུ་འགྲམ་གྱི་ཟེགས་པ་བརྐོ་བཞིན་འདུག དེ་བས་ང་རང་ཁོ་ཚོའི་གམ་དུ་སོང་ནས་བརྐོ་མཚམས་ཞོག་ཅེས་བཤད་པར། ཁོ་ཚོས་ངའི་ཁར་མི་ཉན་པར་མ་ཟད་ཅུང་མིན་ན་ཕན་ཚུན་ལག་ཀྱང་ཐུག་སོང་། ”ཞེས་གཡུ་སྐྱོང་ནོར་བུས་བཤད།  དེ་ལྟར་ཟེགས་མ་བརྐོ་མཁན་དེ་དག་ལ་ཞུ་བ་བྱས་ཀྱང་ཕན་མ་ཐོགས་པས་གཡུ་སྐྱོང་ནོར་བུ་མྱུར་དུ་དོ་དམ་ས་ཚིགས་སུ་ཡོང་ནས་གནས་ཚུལ་དེའི་སྐོར་རྫོང་གི་འབྲེལ་ཡོད་མི་སྣར་ཡར་ཞུ་བྱས། དེའི་རྗེས་སུ་མདོ་ལ་རྫོང་གི་སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་གི་རམ་འདེགས་འོག    ལུགས་དང་མི་མཐུན་པར་བྱེ་ཟེགས་སློག་མཁན་གྱི་མི་སྣ་དེ་དག་དོ་དམ་ས་ཁུལ་ནས་ཕྱིར་སྤྲད་པ་རེད།

ད་ལྟ་གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་དོ་དམ་བྱ་བ་རྒྱུན་ཆད་མེད་པར་ཡར་སྐུལ་བྱས་པ་དང་སྐྱེ་ཁམས་ལེགས་བཅོས་བཟོ་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བས། ཆུ་ནག་མགོ་ཁུངས་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་མངོན་གསལ་སྒོས་ལེགས་བཅོས་ཆེན་པོ་བྱུང་ཡོད།  “སྔོན་ཆད་ཤིན་ཏུ་མཐོང་བར་དཀོན་པའི་ཁྲུང་ཁྲུང་སྐེ་ནག་དང་གླ་བ་སོགས་རྒྱུན་དུ་མཐོང་ཐུབ་ཀྱི་ཡོད། ”ཅེས་གཡུ་སྐྱོང་ནོར་བུས་བཤད། རི་སྐྱེས་སྲོག་ཆགས་མང་པོ་ཕྱིར་རང་བྱུང་ཁམས་སུ་ལོག་པ་ནི་ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་ལེགས་ཕྱོགས་སུ་འཕེལ་བའི་མཚོན་རྟགས་ཆེས་ལེགས་པོ་དེ་རེད།

                                                                                                                  ལོ་ཙཱ་བ། གཡང་འབུམ་རྒྱལ།